ལི་ཁང་ལྕགས་ཟམ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས་གསུངས་དོན།

སྐལ་བཟང་ཐུབ་བསྟན་དང་བཀྲ་ཤིས་ཀྱིས།        2013-01-10

ལི་ཁང་ལྕགས་ཟམ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་ནས་གསུངས་དོན།
 

འཕེལ་རྒྱས་ཁོར་ཡུག་ལེགས་བཅོས་བྱས་ཏེ་རྨང་གཞིའི་རང་བཞིན་གྱི་རྒྱུན་བསྲིང་ཐོན་ལས་རྣམ་གྲངས་སྤེལ་དགོས་པའི་བསམ་འཆར་བཏོན།
    ཟླ་བ1པའི་ཚེས7ཉིན་ཕྱི་དྲོར།  སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལྟར་འཐུས་མི་ཚོགས་པ་སོ་སོས་སྲིད་གཞུང་ལས་དོན་གྱི་སྙན་སེང་དང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྙན་སེང་།  ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་སྙན་སེང་།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མིན་རིག་གནས་ཤུལ་བཞག་གི་སྲོལ་ཡིག(འཆར་ཟིན)སོགས་ལ་གྲོས་ཞིབ་བྱས་པ་རེད།  ལྕགས་ཟམ་རྫོང་གི་འཐུས་མི་ཚོགས་པའི་གྲུབ་མི་ཚོས་སྙན་སེང་གསུམ་གྱི་ནང་དོན་ཐད་གྲུབ་འབྲས་ཕྱོགས་བསྡོམས་བྱས་པར་དོན་ལ་གནས་ཤིང་འབྱུང་འགྱུར་གྱི་འཆར་བཀོད་གཞག་པར་དངོས་ཡོད་གནས་ཚུལ་དང་མཐུན་ལ།  བྱེད་ཐབས་ནུས་ལྡན་བཀོད་དེ་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་ཡིད་དབང་འཕྲོག་པའི་མདུན་ལྗོངས་རི་མོ་ངོ་མཚར་ཅན་ཞིག་མིག་ལམ་དུ་ཤར་དུ་བཅུག་པ་རེད་ཅེས་པའི་གཅིག་མཐུན་གྱི་ངོས་འཛིན་བྱས་པ་རེད།
   འཐུས་མི་ཚོའི་བསམ་འཆར་ལ་ཉན་རྗེས།  ལི་ཁང་གིས་རང་ཁུལ་གྱིས2013ལོ་ནས་ལོ་གསུམ་རིང་ལ་སྒྱུར་ལོག་བཞི་དང་མཆོང་བརྒལ་ལྔའི་དམིགས་ཡུལ་འགྲུབ་དགོས་པ་དང་། 2020ལོར་བསླེབས་ཚེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་གྲལ་དུ་ཚུད་ཐུབ་པར་བྱ་དགོས་ན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ངེས་པར་དུ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱ་དགོས་པ་སྟེ་གཅིག་ནི་སྤྱི་ཚོགས་བརྟན་བརླིང་གི་ཁོར་ཡུག་མུ་མཐུད་དེ་བཟང་སྐྱོང་བྱ་རྒྱུ་དང་།  གཉིས་ནི་སྲིད་དོན་གྱི་ཞབས་ཞུའི་ཁོར་ཡུག་ལེགས་བཅོས་བྱ་དགོས།  གསུམ་ནི་ཁྲིམས་ལུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།  གཞི་རྩའི་ཐོག་ནས་ཐོན་ལས་གཅིག་རྐྱང་གི་རྣམ་པ་དེ་རྦད་དེ་བསྒྱུར་དགོས། དེ་ཡང་ཡུལ་སྐོར་ལྗོངས་རྒྱུ་ཁྱོན་ཡོངས་ལ་ཁྱབ་པའི་ལས་ཀ་གཙོ་ཆེར་བཟུང་ནས་དམངས་ཕན་གྱི་རྣམ་གྲངས་རྒྱུན་བསྲིང་ཐུབ་པ་མང་པོ་བསྐྲུན་དགོས། རྨང་གཞིའི་རང་བཞིན་གྱི་ཐོན་ལས་རྣམ་གྲངས་ཏེ་ཞིང་ལས་ཁྱད་རྫས་ཐོན་ལས་ཕན་སྲིང་ཆེ་བ་དང་།  གཞི་ཁྱོན་ཆེ་བ།  སྤུས་ཚད་མཐོ་བ་བཅས་སྐུལ་ཁྲིད་རང་བཞིན་ཆེ་བའི་ཐོན་ལས་དར་སྤེལ་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་སྲིང་འཕར་སྣོན་ཡོང་བའི་ཐབས་ལ་འབད་དགོས།  དུས་མཚུངས་སུ་ཐོན་ལས་དེ་དག་འཕེལ་རྒྱས་གཏོང་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་བྱེད་ཤུགས་ཆེ་རུ་གཏོང་དགོས།  ས་གནས་སོ་སོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱེད་པའི་རྨང་གཞིའི་རང་བཞིན་གྱི་རྒྱུན་བསྲིང་ཐོན་ལས་རྣམ་གྲངས་སྤེལ་རྒྱུ་གནད་འགག་ཏུ་བཟུང་ན་གཞི་ནས་ང་ཚོའི་བླ་ལྷག་གི་ཕུགས་འདུན་འགྲུབ་ཐུབ་ཀྱི་རེད་ཅེས་པའི་བསམ་འཆར་བཏོན་པ་རེད།

  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའ
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གི་འཐུས་མི་ཚོགས་པས་སྙན་སེང་གྲོས་བསྡུར་བྱས་པའི་ཟུར་བྲིས།
  • དོ་སྣང་ཆེ་བའི་རྩོམ།