བྲག་འགོ་རྫོང་གི་ཞིང་པས་དགའ་དགའ་སྐྱིད་སྐྱིད་ངང་སྟོན་བསྡུ་ལ་བྲེལ་བཞིན་པ།

(དབྱངས་ཅན་གྱིས་བསྒྱུར། )        2012-11-01

བྲག་འགོ་རྫོང་ཤྭ་ར་ཐང་གྲོང་ཚོ་ནི་ས་གཞི་ཡངས་ཤིང་རྒྱ་ཆེ་བ་དང་ཞིང་ས་གཤིན་པོ་ཡིན་པས་འབྲུ་རིགས་ཐོན་འབབ་ཧ་ཅང་ཡག་པ་རེད། ཞིང་ལས་བྱེད་བཞིན་པའི་གྲོང་མི་པ་དབྱི་ཡིས་ད་ལོ་ཡང་ལོ་ལེགས་ཐོབ་པའི་ལོ་ཞིག་རེད། མུའུ་གཅིག་ལ་མ་མཐའ་ཡང་ནས་སྤྱི་རྒྱ200ལྷག་ཐོན་ཐུབ་པ་དང་། གྲོང་སྡེའི་ཀྲི་པུའུ་ཡིས་མི་ཚང་མར་སོན་བཟང་ནས་འཛུགས་རྒྱུའི་སྣེ་ཁྲིད་བྱས་པས་སྔོན་མ་ལས་མ་མཐའ་ཡང་སྤྱི་རྒྱ20ཐོན་འཕར་བྱུང་ཡོད་ཅེས་བཤད་པ་རེད།
ད་ལྟ་འགྲིམ་འགྲུལ་སྟབས་བདེ་མོ་ཡིན་པས་སྟོན་བསྡུ་ལ་དཀའ་ལས་ཆེན་པོ་དེ་ཙམ་རྒྱག་མི་དགོས། མུ་འབྲེལ་གྱི་ས་ཞིང་ཡོངས་རྫོགས་འཕྲུལ་འཁོར་སྤྱད་ནས་ལས་ཆོག་པས། ལས་ཆོད་མཐོར་འདེགས་གཏོང་ཐུབ་པར་མ་ཟད་ཞིང་ལས་བྲེལ་སྐབས་ཞིང་པའི་ངལ་རྩོལ་མི་ལག་མི་འདང་བའི་དཀའ་ངལ་ཡང་ཐག་གཅོད་བྱེད་ཐུབ་ཅེས་ཞིང་ནང་ལ་ལས་ཀ་བྲེལ་བཞིན་པའི་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཧྥུ་ཧྲོའུ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད། ད་ལོའི་ཡོང་འབབ་སྐོར་བཤད་སྐབས་ཝུའུ་ཧྥུ་ཧྲོའུ་ཡིས་དགའ་སྤྲོའི་ངང་ད་ལོའི་ཡོང་འབབ་ཧ་ཅང་ཡག་འདུག  ཐན་ཞོད་དང་ནད་འབུའི་གནོད་སྐྱོན་ཅི་ཡང་མི་འདུག  ནས་དང་གྲོ་ཚང་མ་སྐྱེ་སྟོབས་བཟང་བར་མ་ཟད།འཕྲུལ་འདེབས་འཕྲུལ་རྨོད་ཀྱི་ལག་རྩལ་གྱིས་ང་ཚོར་ཧ་ཅང་སྟབས་བདེ་བྱས་ནས་རོགས་ཆེན་པོ་བྱས་ཡོད་པ་དང་། ཤྭ་ར་ཐང་ལ་ད་ལྟ་རྨོ་ཞིང་མུའུ1505ཡོད་པ་དང་ནས་དང་ཞོག་ཁོག་གི་སོན་བཟང་དཔེ་སྟོན་རྟེན་གཞི་མུའུ1200ལྷག་ཡོད། ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་བྱུང་ནས་ཞིང་སྤྱོད་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ1600ལ་སླེབས་ཡོད། ད་ལྟར་བརྔ་བསྡུ་མཉམ་བྱེད་འཕྲུལ་འཁོར7དང་། འདེབས་འཛུགས་འཕྲུལ་འཁོར20 ། ཞིང་སྤྱོད་འདྲུད་འཐེན་འཁོར་ལོ88བཅས་ཡོད་པས་འཕྲུལ་རྨོ་དང་། འཕྲུལ་འདེབས། འཕྲུལ་བསྡུ་བཅས་ཡོངས་སུ་ཁྱབ་ཚད་བརྒྱ་ཆ92ལ་སླེབས་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཤྭ་ར་ཐང་གྲོང་སྡེའི་འདེབས་འཛུགས་མཐུན་ཚོགས་ཀྱིས་ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བའི་དོ་དམ་ལས་ཀ་སྤེལ་ནས་ཞོག་ཁོག་གི་རྟེན་གཞི་དང་། སྤུས་ལེགས་ནས་ཀྱི་རྟེན་གཞི། ཁམས་ནས་ཨང་རྟགས6པ་དང7པའི་རྟེན་གཞི་སོགས་བཙུགས་ནས་ལོ་རེའི་ཐོན་ཚད་ཏུན480ལ་སླེབས་ཡོད་པ་དང་། གངས་ལྗོངས་འོ་སེ་ཇ་ཡི་འདེབས་འཛུགས་མཉམ་ལས་ཁང་གིས་བཙུགས་པའི་འོ་སེ་ཇ་ཡི་ཤིང་སྡོང་མུའུ120ཡོད། ལོ་རེར་ཇ་སྤྱི་བརྒྱ250བཏོགས་ནས་ཚང་མ་གངས་ལྗོངས་འོ་སེ་ཇ་ཡི་ཚད་ཡོད་འགན་འཁྲི་ཀུང་སི་ལ་བཙོངས་པས་ལོ་རེའི་ཡོང་འབབ་སྒོར་ཁྲི3ལྷག་རག་ཐུབ། ཞིང་ལས་འཕྲུལ་འཁོར་མཉམ་ལས་ཁང་གིས་རིན་དོད་ཡོད་པའི་འཕྲུལ་རྨོ་དང་། འཕྲུལ་འདེབས།  འཕྲུལ་བསྡུ་བཅས་ཀྱི་ལས་ཀ་ལག་བསྟར་བྱས་པ་དང་།  ཞིང་ལས་འཕྲུལ་འཁོར་མཉམ་ལས་ཁང་ནང་ཞུགས་མཁན་གྲོང་སྡེ5ཡི་ཞིང་པའི་དུད་ཚང320 དང་འབྲེལ་བ་དང་། ཞབས་ཞུ་བྱ་ཡུལ་རྫོང་ཡོངས་ཀྱི་ཞིང་ལས་ཤང་དང་གྲོང་རྡལ10དང་ཁྱིམ་མཚེས་རྫོང་དཀར་མཛེས་དང་རྟའུ་སོགས་ལ་ཁྱབ་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི42ལྷག་ཡོད།
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས2012ལོའི་ཀྲུང་གོ་སི་ཁྲོན་རྒྱལ་རོང་བོད་ཀྱི་ཡུལ་སྲོལ་དུས་ཆེན་བཏང་།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་གྲོང་གསེབ་ཀྱི་ཚོང་རའི་བཟའ་བཅའ་ཉེན་མེད་ཡོང་བར་ཞིབ་བཤེར་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།