གློག་གི་དཔའ་མོ་བོད་ཁུལ་གླིང་ལ་དྲངས།།བདེ་གསལ་འོད་ཀྱིས་མུན་པ་མཐར་ནས་བསྐྲད།།

        2012-03-22

ར་རྔ་ཁ་ནས་དཀར་མཛེས་དང་སེར་ཤུལ་གྱི་གློག་དྲ་སྦྲེལ་མཐུད་ཀྱི་ཨར་ལས་ལས་འགོ་ཚུགས་པའི་མཛད་སྒོའི་ཟུར་བྲིས།
ཟླ་བ3པའི་ཚེས20ཉིན།  དར་མདོའི་གྲོང་གསར་གྱི་བར་སྣང་ཀུན་ཏུ་དགའ་སྤྲོའི་མཁའ་དབུགས་ཤིག་དལ་བུར་ལྡང་ཞིང་སྤྲོ་གསེང་ཐང་ཆེན་གྱི་ཁོར་ཡུག་ཚང་མར་བསུབ་ཐབས་བྲལ་བའི་འཆམ་མཐུན་གྱི་དྲི་བཟང་ཞིག་གིས་ཁེངས་བཞིན་མཆིས།  ཉིན་དེ་ནི་དར་མདོ་རྫོང་ར་རྔ་ཁ་གྲོང་རྡལ་དང་།  དཀར་མཛེས། སེལ་ཤུལ་རྫོང་བཅས་ལ་མཚོན་ན་བཀྲ་ཤིས་དོན་འགྲུབ་པའི་ཉིན་མོ་ཞིག་ཡིན་ལ།  རང་རེའི་དཀར་མཛེས་ཁུལ་ལ་མཚོན་ན་ཡང་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ཕུན་སུམ་ཚོགས་པའི་ཉིན་མོ་ཞིག་ཀྱང་ཡིན་པ་རེད། གང་རེད་ཅེ་ན།ཉིན་དེ་ནི་ར་རྔ་ཁ་ནས་དཀར་མཛེས། སེར་ཤུལ་བར་གྱི་གློག་དྲ་སྦྲེལ་མཐུད་ཀྱི་ལས་གྲྭ་ལས་འགོ་ཚུགས་པའི་མཛད་སྒོའི་ཉིན་མོ་ཡིན་ལ།  དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་འགོ་ཚུགས་པའི་ཉིན་མོ་ཞིག་ཀྱང་ཡིན་པས་རེད།  ང་ཚོས་འཁོར་སྐར་ཐད་གཏོང་དུས་མཉམ་བརྒྱུད་འདྲེན་བྱེད་པའི་བརྙན་འཕྲིན་ལས་དཀར་མཛེས་དང་སེར་ཤུལ་གྱི་ཡན་ལག་ཚོགས་རའི་མཛད་སྒོ་སྤེལ་བའི་གནས་ཚུལ་མིག་ལམ་དུ་ཁྲ་ལམ་མེར་མཐོང་ཐུབ་ཅིང་ས་གནས་དེ་གཉིས་ཀྱི་མང་ཚོགས་ཚོས་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་སྒུག་བྱེད་པའི་རེ་འབྲས་དེ།  དེ་རིང་དངོས་སུ་སྨིན་པ་ཡིན་པས་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་ཁེངས་བཞིན་ཡོད་པ་ནི་ཁོ་ཚོའི་བཞིན་རས་ལས་རྟོགས་ཐུབ་ཅིང་།  རྫོང་དེ་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པའི་གསུང་བཤད་ཀྱི་ནང་དོན་ལས་དེ་བས་ཀྱང་མངོན་ཐུབ་པ་ཞིག་རེད།  རྒྱལ་ཁབ་གློག་དྲ་ཀུང་སི་དང་།  ཧྭ་ཏུན་གློག་བསྒྱུར་གློག་སྐྱེལ་ཀུང་སི།  སི་ཁྲོན་གློག་ཤུགས་ཀུང་སི་བཅས་ཨར་ལས་སྡེ་ཁག་གི་འཐུས་མི་ཚོས་ཨར་ལས་ལེགས་གྲུབ་ཡོང་བའི་ཆོད་སེམས་མཚོན་པའི་ཞུས་ཚིག་དང་།   ཁུལ་དང་རྫོང་གི་འགོ་ཁྲིད་རྣམ་པས་ཨར་ལས་ལེགས་གྲུབ་ཡོང་བར་རྐྱེན་ངན་བར་ཆད་ཐམས་ཅད་ཐལ་བ་རྡུལ་དུ་རློག་པའི་འགན་སྲུང་མཁོ་སྤྲོད་མཛད་པའི་གསུང་བཤད་ཕན་ཚུན་འགྲན་པ་བཞིན་བར་སྣང་ཁམས་སུ་ཁྱབ་བཞིན་འདུག   དྭངས་གཙང་གི་ཁ་བཏགས་དཀར་པོས་མདུན་ནས་བསུས་ཤིང་གཡང་འཁོར་བའི་གཞས་ར་སྒོར་མོས་རྒྱབ་ནས་བསྐོར་ཏེ་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་རྒྱང་སྐྱོད་ཁྲོད་དུ་ལོ་རྒྱུས་རང་བཞིན་གྱི་སྐད་ཅིག་མ་འདི་མི་འགྱུར་རྡོ་ལ་རི་མོ་བཀོད། 
   གློག་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་མེད་དུ་མི་རུང་ཞིང་ལྷག་པར་བོད་ཁུལ་འཕེལ་རྒྱས་ལ་མཚོན་ན་དེ་བས་ཀྱང་མེད་དུ་མི་རུང་།  གློག་ཡོད་ན་དེང་རབས་ཀྱི་དཔལ་ཡོན་བོད་ཀྱི་ས་ཁུག་ལུང་ཁུག་ཀུན་ཏུ་དར་ཐུབ་ལ།  བོད་མིའི་ལྟ་རྒྱ་དང་ཐོས་རྒྱ་བསམ་རྒྱ་བཅས་ཇེ་ཆེར་གཏོང་ཐུབ་ཅིང་འཛམ་གླིང་ལག་མཐིལ་དུ་ཁྱེར་ནས་འགྲོ་ཆོག་ཅེས་བཤད་ན་ཐལ་ཆེ་བ་ཞིག་མ་རེད།  རང་ཁུལ་གྱི་མི་མུས་རྒྱུད་བཅས་ལ་ཕན་པའི་དམངས་ཕན་གྱི་ལས་གྲྭ་འདི་ལྟ་བུ་སྤེལ་བ་ནི་ལས་སླ་མོ་ཞིག་མ་ཡིན་པས་རང་ཁུལ་གོང་འོག་ཚང་མས་བློ་སེམས་གཅིག་ཏུ་འབྲེལ་ནས་ཨར་ལས་ལེགས་གྲུབ་ཡོང་བར་རང་ནུས་གང་ལེགས་འདོན་དགོས་པ་ནི་སྨོས་ཅི་འཚལ། 
ཏང་དང་རྒྱལ་ཁབ་ཀྱིས་ཐུགས་རྗེའི་མཁའ་དབྱིངས་ནས་ཐབས་མཁས་ཀྱིས་བོད་ཁུལ་དུ་གློག་གི་དཔའ་མོ་ཡོངས་སུ་དྲངས་ཏེ་བདེ་དྲོད་ཀྱི་འོད་ཟེར་དཀར་པོས་མུན་པའི་ནག་རིས་མ་མཐར་ནས་བསྐྲད་དེ་སྐྱེ་ཁམས་དང་བདེ་སྐྱིད། འཆམ་མཐུན་གྱི་དཀར་མཛེས་ཁུལ་བསྐྲུན་པའི་སྐྱ་རེངས་ཀྱི་འོད་མདངས་ཤིག་བསུ་བར་མངོན་པར་ཕྱོགས་སོ།།
  • ལེ་ཚན་སྔོན་མ།:གློག་དྲ་སྦྲེལ་མཐུད་ཀྱི་ལས་གྲྭ་ལས་འགོ་ཚུགས་པར་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་བྱེད།
  • ལེ་ཚན་རྗེས་མ།:གློག་གི་ཕན་པ་བཤད་མི་ཚར།
  • དོ་སྣང་ཆེ་བའི་རྩོམ།