ཐོན་ལས་ལྡན་པའི་འབྲོག་པའི་གཞིས་ཆགས་སྡོད་གནས་གསར་པ་ཞིག་འཛུགས་སྐྲུན་བྱ་དགོས།དར་མདོ་ལྕམ་པ་གྲོང་སྡེ་རུ་བཅའ་འདྲི་ཕྱིན་པའི་གནས་ཚུལ་རགས་བཀོད།

        2011-05-16

ཐོན་ལས་ལྡན་པའི་འབྲོག་པའི་གཞིས་ཆགས་སྡོད་གནས་གསར་པ་ཞིག་འཛུགས་སྐྲུན་བྱ་དགོས།དར་མདོ་ལྕམ་པ་གྲོང་སྡེ་རུ་བཅ

གསར་འགོད་པའི་ཟིན་བྲིས།
དར་མདོ་ལྕམ་པ་གྲོང་སྡེ་རུ་2009ལོ་ནས་འགོ་ཚུགས་ཏེ་འབྲོག་པའི་གཞིས་ཆགས་བྱ་སྤྱོད་སྤེལ་ནས་ད་བར་དུ་ལོ་ཁ་ཤས་སོང་བས་འབྲོག་མི་རྣམས་གཞིས་ཆགས་རྗེས་ཀྱི་འཚོ་བ་ཇི་ལྟར་ཡིན་པ་དང་གཞིས་ཆགས་རྗེས་ཇི་ལྟར་འཕེལ་རྒྱས་གཏོང་བ་སོགས་ཀྱི་དོགས་པའི་དྲི་གཞི་ཁ་ཤས་བཅངས་ནས་ངེད་ཚགས་པར་ཁང་གི་གསར་འགོད་པ་ཚན་པ་ཞིག་ཆེད་དུ་ལྕམ་པ་གྲོང་སྡེ་རུ་བཅར་འདྲི་བྱེད་དུ་འགྲོ་བ་ཡིན། དར་མདོ་རྫོང་ལྷ་སྒང་ཤང་ནས་ནུབ་རྒྱུད་དུ་སྤྱི་ལེ32ཕྱིན་ན་ལྕམ་པའི་འབྲོག་སྡེ་རུ་བསླེབས་པ་རེད།   དབྱར་འགོ་ཚུགས་མ་ཐག་པའི་འབྲོག་པའི་རྩྭ་ཐང་ནི་སྔོ་ལྗང་གཡུ་ཡི་མེ་ལོང་འདིང་བ་དང་འདྲ་ཞིང་ཚར་དུ་དངར་བའི་ཁང་བཟང་རྣམས་ཁྲ་ཚོམ་མེར་ཉི་འོད་འོག་ཏུ་བརྗིད་ཉམས་ལྷག་པར་ཆེ།   འབྲོག་པའི་དུད་ཚང་309ཡོད་ཅིང་ཁྱོན་མི་གྲངས1116ཡོད་པའི་འབྲོག་སྡེ་འདི་གཞིས་ཆགས་རྗེས་རིམ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག་ཏུ་སྡོད་ཁང་དང་།  ལམ།ཆུ།  གློག  བརྡ་འཕྲིན།  སྨན་བཅོས་རྒས་གསོ་སོགས་མ་ཚང་བ་མེད་པའི་དེང་རབས་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་འཛོམས་ཟིན་པ་རེད།   འབྲོག་མི་ཚོ་རུ་སྤོ་བྱེད་པའི་དཀའ་སྡུག་གི་འཚོ་བའི་མཇུག་བསྒྲིལ་ནས་གོམ་ཆེན་ཞིག་གིས་དེང་རབས་ཀྱི་འཚོ་བར་སྤོས་ཐུབ་པ་བྱུང་བས་རླབས་ཆེན་གྱི་འགྱུར་ལྡོག་འདི་ཡིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གངས་ཅན་འབྲོག་ཁུལ་གྱི་དེབ་ཐེར་དུ་འགོད་པ་རེད།    འབྲོག་མིའི་གཞིས་ཆགས་བྱ་སྤྱོད་འཆར་གཞི་ལག་ལེན་དོན་འཁྱོལ་བྱས་ཏེ་འབྲོག་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བསྐྲུན་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བཏོན་པའི་སྲིད་ཇུས་བཟང་པོ་ཞིག་ཡིན་ལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཁྱད་འཕགས་རང་བཞིན་མངོན་པ་ཞིག་ཀྱང་རེད། 
ལྕམ་པ་སྡེ་དཔོན་གྱི་ཕུགས་བསམ།
ལོ་ན32ལ་སོན་པའི་ཨོ་རྒྱན་གྱིས་ལྕམ་པ་གྲོང་སྡེའི་སྡེ་དཔོན་བྱས་ནས་ལོ་ཁ་ཤས་སོང་བ་རེད།    ཁོ་རང་ལ་ཁམས་པའི་སྐྱེས་པ་ཕོའི་ཁྱད་ཆོས་ཆ་ཚང་དོད་འདུག་པར་མ་ཟད་སྐར་ཆེན་འདྲ་བའི་མིག་ཟུང་ལས་ཡིད་ཆེས་དང་སྤོབས་པའི་འོད་མདངས་ཤིག་ཀྱང་འཁྱུག་གི་འདུག 
ཁོ་ཡིས་རྒྱ་བོད་སྐད་གཉིས་བྱང་ཆུབ་པར་ཤེས་ཤིང་གསར་འགོད་པས་བཅའ་འདྲི་ཞུ་པར་དང་ལེན་བྱས་རྗེས་ལྕམ་པ་གྲོང་སྡེའི་གནས་ཚུལ་རགས་ཙམ་བཤད་པའི་རྗེས་སུ་ཡིད་འགུལ་ཐེབས་པའི་སྒོ་ནས་ང་རང་གིས་ལྕམ་པ་གྲོང་སྡེའི་འབྲོག་མི་ཡོངས་ཀྱི་ཚབ་བྱས་ནས་གོང་རིམ་སྲིད་གཞུང་ནས་ལྕམ་པ་གྲོང་སྡེར་ཐུགས་ཁུར་ཚད་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ད་ལྟར་སྡོད་ཁང་དང་ཆུ།   གློག  ལམ།   འཕྲིན་གཏོང་བརྙན་འཕྲིན་སོགས་དེང་རབས་ཆ་རྐྱེན་ཕུན་སུམ་ཚོགས་པོ་བསྐྲུན་ཟིན་པ་རེད།   འབྲོག་མི་རྣམས་གཞིས་ཆགས་རྗེས་ཕྱུགས་འཚོ་བར་རྐྱང་པས་མི་ཕན་པར་ས་གནས་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད།    ལྕམ་པ་གྲོང་སྡེ་ལ་ཡུལ་སྐོར་ཐོན་ལས་སྐོར་གྱི་ཆ་རྐྱེན་ཡག་པོ་འཛོམ་གྱི་ཡོད།   གཅིག་ནི་ང་ཚོའི་གྲོང་སྡེ་ནི་འབྲོག་མི་གཞིས་ཆགས་སའི་དཔེ་སྟོན་གྲོང་སྡེ་ཡིན་པ་དང་།   གཉིས་ནི་དར་མདོའི་གནམ་གྲུ་ཐང་དང་ཐག་ཉེ་བས་འགྲིམ་འགྲུལ་སྟབས་བདེ་པོ་ཡིན།   གསུམ་ནི་མཛེས་པའི་ཡུལ་ལྗོངས་དང་ཞིམ་མངར་ལྡན་པའི་འབྲོག་པའི་ལྷད་མེད་ཐོན་རྫས་མང་པོ་ཡོད།   བཞི་ནི་སྡོད་ཁང་དང་སྦྲ་གུར་བཅས་ཀྱི་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས་པ་བཅས་རེད།    གལ་སྲིད་ང་ཚོས་གྲོང་སྡེ་སྤྱིའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཤིག་བཙུགས་ཐུབ་པ་ཡིན་ན་ཁང་གླ་དང་ཟས་རིན་སོགས་གང་ཅིའི་ཐད་ལ་ཚད་ལྡན་གཅིག་གྱུར་ཞིག་ཡོང་ཐུབ་ན་གཅིག་ནི་ཡུལ་སྐོར་བའི་ཁེ་ཕན་ལ་འགན་སྲུང་ཐུབ་པ་དང་།   གཉིས་ནི་ང་ཚོའི་གྲོང་སྡེའི་ཡུལ་སྐོར་ཞབས་ཞུ་ལ་རྨང་གཞི་ལེགས་པོ་ཞིག་ཀྱང་འདིང་ཐུབ་པར་བརྟེན་མ་འོངས་པའི་མདུན་ལམ་ཡང་དེ་བས་ཡག་པོ་ཡོང་ངེས་རེད།  

  • ལེ་ཚན་སྔོན་མ།:“ལྔ་གཅིག”གུང་གསེང་གི་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་ལྗོངས་རྒྱུའི་ཡོང་སྒོ་ཕྱོགས་བསྡུས་སྒོར་ཁྲི5000ལྷག་ཙམ
  • ལེ་ཚན་རྗེས་མ།:དཔེ་གསར་ཅན་གྱི་སྦྲ་གུར1551འབའ་ཐང་རྫོང་དུ་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།