ལྗང་མདོག་འཕེལ་རྒྱས་གཏང་རྒྱུའི་འདུ་ཤེས་བརྟན་པོས་ལས་ཀ་སོ་སོ་དོན་འཁྱོལ་ཡག་པོ་བྱ་དགོས།

        2016-09-19

ཉེ་སྔོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་འདབ་པ་དང་ལི་ཐང་རྫོང་དུ་དབུལ་ཐར་འགག་སྒྲོལ་དང་ཡུལ་སྐོར་འཕེལ་རྒྱས། ལས་གཞི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པའོ་བརྟག་དཔྱད་ཞིབ་འཇུག་བྱེད་སའི་ནང་ཞུགས་ཡོད་པ་རེད།
འདབ་པ་རྫོང་མཚོ་ལ་ནས་གསུམ་འདུས་གྲོང་རྡལ་རང་འཐག་ལུང་པའི་བར་གྱི་གཞུང་ལམ་ནི་རང་ཁུལ་གྱི་དབུལ་སྐྱོར་གནད་སྨིན་གྱི་གཙོ་གནད་གཞུང་ལམ་ཡིན་ལ། སྤྱན་གཟིགས་མཚོ་མཛེས་ལྗོངས་ས་ཁུལ་དུ་ཡུལ་སྐོར་འགྲོ་སའི་གཙོ་གནད་གཞུང་ལམ་ཞིག་ཀྱང་ཡིན་པ་རེད། ལས་ཡུལ་དངོས་སུ་ཞིབ་བཤེར་ལྟ་སྐུལ་གནང་རྗེས་ཡེ་ཤེས་ཟླ་བས་བསྟན་དོན། ཡུལ་སྐོར་འགྲོ་སའི་གཞུང་ལམ་བདེ་བགྲོད་ཐུབ་པར་འགན་སྲུང་བྱེད་དགོས་པས་མ་ཚད། ཡུལ་སྐོར་བ་ཚོས་འགྲོ་ཞོར་དུ་རང་བྱུང་ཁམས་ཆེན་པོའི་ལྷན་སྐྱེས་མཛེས་ཆ་ལ་ལོངས་སུ་སྤྱོད་ཆོག་པ་བྱ་དགོས། ཁོང་གིས་ལས་གཞི་འཛུགས་སྐྲུན་བྱེད་མཁན་ཕྱོགས་ལ་ཡུལ་གྲུ་ཀུན་ཏུ་ལྗང་མདོག་སྔོན་དུ་སྤེལ་བ་དང་ལྗང་མདོག་གཙོ་གནད་དུ་འཇོག་པ། ལྗང་མདོག་གསོ་སྐྱོང་བྱེད་སྟངས་ཇུས་འགོད་བྱས་ནས་སྐྱེ་ཁམས་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།
ལི་ཐང་རྫོང་ཚོ་གསུམ་རྩྭ་ཐང་གི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་ནི་རྒྱལ་སྲུང་གཞུང་ལམ277པ་བརྒྱུད་ཡུལ་གྱི་གལ་ཆེ་བའི་ཡུལ་སྐོར་ཞབས་ཕྱིའི་སྒྲིག་ཆས་ཆ་ཚང་བ་ཞིག་ཡིན་པ་རེད། ཡེ་ཤེས་ཟླ་བས་ཡུལ་སྐོར་ཞབས་ཕྱིའི་ས་ཚུགས་འཛུགས་སྐྲུན་བྱེད་དུས་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་ཡུལ་སྲོལ་རིག་གནས་ཀྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་གྱི་ཆོས་ཉིད་བཅས་དང་མཐུན་པར་ཇུས་འགོད་བྱ་དགོས། ཨར་ལས་དངོས་པོའི་ཕྱིའི་བཀོད་པ་དང་མཚོན་རྟགས་བྱང་བུ། ལྗང་འགྱུར་སོགས་ཀྱི་ཐད་ས་གནས་དེ་གའི་ཡུལ་སྲོལ་རིག་གནས་མཚོན་པ་དང་རང་བྱུང་མཛེས་ལྗོངས་དང་མཐུན་སྦྱོར་ཡོང་བར་བྱེད་དགོས་པ་ལས་རྒྱ་ནག་གི་ལྡུམ་ར་ཅན་ལས་སྟངས་དེ་འདྲ་སྤོས་འདྲ་བཤུས་གཏན་ནས་བྱེད་མི་ཉན་ཞེས་ཐུགས་རེ་གནང་བ་རེད། ཡེ་ཤེས་ཟླ་བས་གསུངས་དོན། རྫོང(གྲོང་ཁྱེར།)ཁག་སོ་སོས་ཡུལ་སྐོར་གྱི་འགྲིམ་འགྲུལ་གཞུང་ལམ་བརྒྱུད་ཡུལ་དུ་སེམས་ཤུགས་བསྒྲིམས་ནས་མཛེས་ལྗོངས་ལྟད་མོ་ལྟ་སའི་སྟེགས་བུ་བཟོ་སྐྲུན་བྱས་ཏེ་ལྟད་མོ་ལྟ་སའི་ཡུལ་ལྗོངས་ཡོད་པ་དང་།  ཡུལ་ལྗོངས་ཀྱི་ཁྲོད་ནས་ལྟད་མོ་ལྟ་ས་ཡོད་པ་བྱས་ཏེ་ཡུལ་སྐོར་བ་ཚོས་ཡུལ་ལྗོངས་ལ་ལྟད་མོ་ལྟ་རྒྱུའི་དགོས་མཁོ་བསྐངས་ནས་ཡུལ་སྐོར་བ་ཚོར་སྤྲོ་འཆམ་བྱེད་ས་ཡོད་པ་དང་།སྡོད་ས་ཡོད་པ་བྱས་ཏེ་ས་གནས་རང་ཉིད་ཀྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་དུ་འཇུག་དགོས།
ལི་ཐང་རྫོང་གི་གྲོང་ཁུལ་དང་སྤྱི་ལེ90རྒྱང་བའི་དགའ་ཁོག་ཤང་ནི་རྫོང་དེའི་འགྲིམ་འགྲུལ་ཆེས་སྟབས་མི་བདེ་བ་དང་ཆེས་དབུལ་པོའི་ཤང་ཞིག་ཡིན་པ་རེད། གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཡེ་ཤེས་ཟླ་བས་ཨར་ལས་རྒྱག་མཁན་སྡེ་ཚན་གྱིས་ཨར་ལས་ཀྱི་སྤུས་ཀ་དང་འཕེལ་རིམ། ཁོར་ཡུག་སྲུང་སྐྱོང་། ཉེན་མེད་བདེ་འཇགས། སྤྱོད་གཙང་བཅས་ཀྱི་ཐད་གཟབ་ནན་བྱས་ཏེ་དུས་ཐོག་ཏུ་ཨར་ལས་མཇུག་བསྒྲིལ་ནས་བེད་སྤྱོད་ཐུབ་པར་འགན་སྲུང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ48པེ་ཅིན་ལ་རིན་པ་མི་དགོས་པར་སྨན་བཅོས་བྱེད་སར་ཁྲིད།
  • ལེ་ཚན་རྗེས་མ།:རང་ཁུལ་ལ་འོས་འགན་སློབ་གསོ་གཞི་རྩའི་དོ་མཉམ་འཕེལ་རྒྱས་ཀྱི་ཚད་གཞིའི་ཐོག་སླེབས་པའི་རྫོང་ཁག་བཞི་གསར་སྣོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།