རྒྱལ་ཡོངས་ཐུམ་འབུའི་ནད་ཀྱི་རིག་གཞུང་གྲོས་ཞིབ་ཚོགས་འདུ་རང་ཁུལ་དུ་འཚོགས།
སྐལ་ཐུབ་ཀྱིས་བསྒྱུར། 2014-08-12
ཟླ་བ8པའི་ཚེས1ཉིན་ནས་ཚེས3ཉིན་གྱི་བར། ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཁུལ་སྨན་ཁང་གཉིས་ཀྱིས་མཉམ་དུ་འཛུགས་གཉེར་བྱེད་པའི2014ལོའི་རྒྱལ་ཡོངས་ཐུམ་འབུའི་ནད་ཀྱི་རིག་གཞུང་གྲོས་ཞིབ་ཚོགས་འདུ་རང་ཁུལ་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ནས་ཡོང་བའི་འབྲེལ་ཡོད་འགོ་ཁྲིད་དང་། སྐད་གྲགས་ཡོད་པའི་ཆེད་རམས་པ། མཁས་དབང་དང་ཕྱི་རྒྱལ་གྱི་ཆེད་རམས་པའི་མི་གྲངས་ཁྱོན་བསྡོམས་200ལྷག་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གྲོས་ཚོགས་སུ་ཞུགས་ནས་དགའ་བསུ་ཞུ་ཚིག་ཕུལ་བ་རེད། ཚོགས་འདུའི་འགོ་ཚུགས་མཛད་སྒོ་དེ་ཞིང་ཆེན་ནད་རིགས་ཚོད་འཛིན་ལྟེ་ནས་ཀྱི་ཀྲུའུ་རེན་ཀྲེན་ཧྭ་ཅུན་གྱིས་གཙོ་འགན་བཞེས་པ་རེད། ཚོགས་འདུའི་ཐོག་ཧུའུ་ཁྲང་ཧྲེང་གིས་རང་ཁུལ་དུ་ཐུམ་འབུའི་ནད་རིགས་ཁྱབ་ཚུལ་དང་སྔོན་འགོག་བྱེད་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་པ་རེད། ཁོང་གིས་ཐུམ་འབུའི་ནད་ནི་རང་ཁུལ་གྱི་ཞིང་འབྲོག་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ས་གནས་རང་བཞིན་གྱི་ནད་རིགས་ཤིག་ཡིན་ལ་རང་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་དཀར་མཛེས་ཁུལ་ཐུམ་འབུའི་ནད་སྔོན་འགོག་ལས་ཀའི་གྲོས་གཞི་ཐོག་མར་བཏོན་པ་མ་ཚད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་གནང་ཡོད། 2009ལོར་ཀྲུང་དབྱང་གིས་ས་གནས་ཀྱི་ཐུམ་འབུའི་ནད་སྔོན་འགོག་བྱེད་པར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཁུལ་ཡོངས་ཀྱི་རྫོང་ཁག18ལ་ཁྱབ་ཡོད། ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ལས་ཀ་ནི་མིག་སྔར་དཀར་མཛེས་ཁུལ་གྱི་ཆེས་ཆེ་བའི་དམངས་འཚོའི་ལས་གྲྭའི་ཡ་གྱལ་ཞིག་ཡིན་པས་ཆེད་རམས་པ་དང་མཁས་དབང་ཚོས་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་སྔོན་འགོག་བྱེད་པའི་ལས་ཀར་གནད་ལ་འཁེལ་བའི་སྨན་མཆོག་ཅིག་སྤྲད་རོགས་ཞེས་གསུངས་པ་རེད། ཞིང་ཆེན་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐུམ་འབུའི་ནད་ཁྱབ་ཚུལ་དང་སྔོན་འགོག་ལས་ཀའི་གནས་ཚུལ་ངོ་སྤྲད་གནང་བ་དང་། གྲོས་ཞིབ་ཚོགས་འདུར་ཚོགས་ཆེན་ཐོག་སྙན་ཞུ་བྱེད་པ་དང་། ནད་རིགས་ཚོད་འཛིན་ཡན་ལག་ཚོགས་འདུ། ནད་ཐོག་སྨན་བཅོས་ཡན་ལག་ཚོགས་འདུ་སོགས་བྱ་རྒྱུ་རེད།