ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་རིགས་འབྱེད་དོ་དམ་ཚད་ལོན་རིམ་སྤར་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུའི་ཐོག་ཏུ་གསུངས་བཤད་གནང་།

ཨ་མགོན་གྱིས་བསྒྱུར།        2016-07-25

ཟླ་བ7པའི་ཚེས18ནས19ཉིན་གྱི་བར་རང་ཁུལ་གྱི་རྟའུ་དང་བྲག་འགོ དཀར་མཛེས་རྫོང་དུ་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པའི་རིགས་འབྱེད་དོ་དམ་ཚད་ལོན་རིམ་སྤར་གྱི་ལས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁེ་ཚོགས་འདུའི་ནང་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བྱང་ཆུབ་ཀྱིས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོན་ནེ་ཁེ་ཡིས་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་མཛད་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་དགོན་པའི་རིགས་འབྱེད་དོ་དམ་ཚད་ལོན་གྱི་ལས་ཀ་སྤེལ་བ་ནས་བཟུང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཚད་ལོན་སྔོན་ཐོན་ལ་གཞིགས་ནས་མི་འདང་ས་བཙལ་ཏེ་ཐོག་མཐའ་བར་གསུམ་དུ་དངོས་འཛིན་དངོས་སྒྲུབ་ཀྱི་སེམས་ཤུགས་སྲུང་འཛིན་བྱ་དགོས། རང་ཁུལ་གྱི་དོན་དངོས་ལ་གཞིགས་ནས་དཀར་མཛེས་བོད་ཁུལ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། དགོན་པ་དོ་དམ་གྱི་གནད་འགག་འདི་དམ་འཛིན་བྱས་ཏེ་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་ཡུལ་འདིར་གཞིགས་ནས་དབུལ་ཐར་འགག་སྒྲོལ་དང་ཡུན་རིང་བདེ་འགོད་ཀྱི་འགག་རྩ་འདི་གཉིས་དམིགས་སུ་ཐོན་པ་དང་། འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་ནན་འཛིན་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སྒྲིག་འཛུགས་བྱས་ནས་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བསྟར་དགོས་ཞེས་ཐུགས་རེ་གནང་བ་རེད། ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དགོན་པའི་རིགས་འབྱེད་དོ་དམ་ཚད་ལོན་རིམ་སྤར་གྱི་ལས་ཀ་ནི་ཞིང་ཆེན་ཏང་ཨུའི་དགོན་པ་དོ་དམ་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་ཀྱི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་ཡིན་ལ། དཀར་མཛེས་བོད་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་སྐུལ་སྤེལ་གཏོང་བར་གཙོ་གནད་དུ་དམ་འཛིན་བྱེད་དགོས་པའང་རེད། ང་ཚོའི་སྲིད་འཛིན་འཇོན་ནུས་དང་སྲིད་འཛིན་ཆུ་ཚད། སྲིད་འཛིན་འདུ་ཤེས་ལ་ཞིབ་དཔྱད་བྱེད་པའང་རེད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྔར་ལྷག་གིས་ངོས་འཛིན་ཟབ་མོར་བྱས་ཏེ་དགོན་པ་དོ་དམ་གྱི་གནད་འགག་འདི་དམ་ཛིན་བྱས་པར་བརྟེན།  གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གཏན་འཁེལ་གྱི་དམིགས་ཡུལ་བརྟན་སྲུང་བྱས་ནས་མདུན་སྐྱོད་བྱེད་ཕྱོགས་བརྟན་པོ་བྱ་དགོས། དགོན་པའི་རིགས་འབྱེད་དོ་དམ་དང་ཚད་ལོན་རིམ་སྤར་གྱི་ལས་ཀར་སྐུལ་འདེད་བཏང་ནས་སྔར་ལྷག་གིས་ཏང་གི་བོད་ཁུལ་གྱི་སྲིད་འཛིན་རྨང་གཞི་བརྟན་པོ་བྱ་དགོས། ཆོས་ལུགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་སྐྱོང་བྱ་རྒྱུ་ལྷོད་གཡེང་མེད་པར་བྱས་ཏེ་གཅིག་བསྡུས་ཀྱིས་གསོ་སྦྱོང་དང་ཐར་ཐོར་གྱིས་གསོ་སྦྱོང་ཟུང་འབྲེལ་བྱེད་པ་དང་། སྔར་ལྷག་གིས་གསོ་སྦྱོང་བྱེད་སྟངས་གསར་གཏོད་དང་གསོ་སྦྱོང་ནང་དོན་ཕུན་སུམ་ཚོགས་པོ། གསོ་སྦྱོང་གི་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་ཁུལ་ཡོངས་ཀྱི་སྤྲུལ་སྐུ་དང་མཁན་པོ། ཡོངས་འཛིན་དང་དབུ་མཛད་བཅས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱ་དགོས། ཁྱད་པར་དུ་ཆོས་ལུགས་པའི་གཞོན་ནུ་ཚོ་དུས་རྒྱུན་རང་བཞིན་གྱིས་གསོ་སྦྱོང་བྱས་ནས་རིམ་བཞིན་དུ་ཆབ་སྲིད་ཐོག་བློས་འཁེལ་ཆོག་པ་དང་། ཆོས་གཞུང་ཐད་ཤེས་རྒྱ་ཡོད་པ།སྤྱོད་པའི་ཐད་དྲང་བདེན་ཡིན་ཞིང་། འགག་རྩའི་དུས་སུ་ནུས་པ་ཐོན་མཁན་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་གསོ་སྐྱོང་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་སྣེ་ཁྲིད་བྱེད་མཁན་དུ་འགྱུར་པར་བྱ་དགོས།
ཚོགས་འདུའི་ཐོག་དར་མདོ་དང་དཔལ་ཡུལ། འབའ་ཐང་། གསེར་ཐར། སེར་ཤུལ་སོགས་རྫོང(གྲོང་ཁྱེར།)གིས་ཉམས་མྱོང་སྤེལ་རེས་བྱས་པ་རེད།། 
  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་གཞི་རིམ་ལ་སྨན་བཅོས་ཞབས་ཕྱི་བསྒྲུབས།
  • ལེ་ཚན་རྗེས་མ།:ད་ལོར་སྡེ་རོང་རྫོང་གི་དབུལ་ཕོངས་མང་ཚོགས༩༢༤དབུལ་ཐར་གནད་སྨིན་བྱེད་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།