ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་རང་ཁུལ་དུ་སྐོར་ཞིབ་བྱས་པའི་གནས་ཚུལ་ཕྱིར་ལྡོག་བྱེད་པའི་ཚོགས་འདུ་འཚོགས།
ཡེ་མགོན་གྱིས་བསྒྱུར། 2016-07-18
ཟླ་བ7པའི་ཚེས11ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་རང་ཁུལ་དུ་སྐོར་ཞིབ་བྱས་པའི་གནས་ཚུལ་ཕྱིར་ལྡོག་བྱེད་པའི་ཚོགས་འདུ་དར་མདོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པའི་འགོ་འཛིན་པ་ཧོང་ལིན་གྱིས་སྐོར་ཞིབ་ཚོ་ཆུང་གི་ཚབ་མཛད་ནས་རང་ཁུལ་གྱི་འགོ་ཁྲིད་ཚོགས་པར་སྐོར་ཞིབ་བྱས་ཚུལ་ཕྱིར་ལྡོག་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུའི་གཙོ་འགན་བཞེས་པས་མ་ཚད་ཁུལ་ཨུའི་ཚབ་མཛད་ནས་གཏམ་བཤད་གནང་བ་རེད།
ཞིང་ཆེན་ཏང་ཨུས་གཅིག་གྱུར་གྱིས་སྐོར་ཞིབ་ལས་ཀ་བཀོད་སྒྲིག་བྱས་པ་ལྟར། ད་ལོའི་ཟླ་བ4པའི་ཚེས6ནས་ཟླ་བ6པའི་ཚེས1ཉིན་བར་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་དུ་གཅིག་བསྡུས་ཀྱིས་སྐོར་ཞིབ་བྱས་པ་རེད།
གནས་ཚུལ་ཕྱིར་ལྡོག་བྱེད་པའི་ཚོགས་འདུའི་ཐོག ཧོང་ལིན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་རང་ཁུལ་ལ་སྐོར་ཞིབ་བྱས་པའི་ཕྱོགས་བསྡུས་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ཧོང་ལིན་གྱིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པའི་ཚབ་མཛད་ནས་བཅོས་སྐྱོང་དག་ཐེར་བྱེད་སྟངས་ཀྱི་གྲོས་འགོ་གསུམ་བཏོན་པ་སྟེ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་བླང་བྱ་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་གཅིག ཨར་ལས་འཛུགས་སྐྲུན་དང་ཐོན་ཁུངས་གསར་སྦོལ་ཁྱབ་ཁོངས་སུ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་གཉིས། ཏང་ཡོན་ལས་བྱེད་པའི་དཔུང་སྡེ་ལ་སློབ་གསོ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་རྒྱུ་གསུམ་བཅས་རེད།
ལིའུ་ཁྲེང་མིང་གིས་རང་ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་ཚབ་མཛད་ནས་གཏམ་བཤད་གནང་སྐབས་གསུངས་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚོ་ཆུང་དྲུག་པས་རང་ཁུལ་དང་དར་མདོ་གྲོང་ཁྱེར་དུ་སྐོར་ཞིབ་བྱས་པའི་གནས་ཚུལ་འདི་དག་གཟབ་ནན་ཡིན་ཞིང་། དངོས་ཐོག་བདེན་འཚོལ་གྱིས་ད་ཡོད་ཀྱི་གནད་དོན་དང་མི་འདང་སར་མཛུབ་སྟོན་གནང་བ་རེད། སྐོར་ཞིབ་ཚོ་ཆུང་གིས་བཏོན་པའི་རེ་འདུན་ནི་རྦད་དེ་དཀར་མཛེས་ཁུལ་གྱི་དོན་དངོས་དང་མཐུན་ལ། དམིགས་བསལ་རང་བཞིན་དང་ཁྲིད་སྟོན་རང་བཞིན་ཡོད་པས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐོང་ཆེན་བྱས་ཏེ་སེམས་ཐག་གཙང་བཅད་ཀྱིས་རྣམ་འགྱུར་ཡག་པོ་བཟུང་བ་དང་བྱེད་ཐབས་ནུས་ལྡན་བླངས་ནས་སྐོར་ཞིབ་ཚོ་ཆུང་གིས་ཕྱིར་ལྡོག་བྱས་པའི་བསམ་འཆར་དག་ཐེར་བཅོས་སྐྱོང་དང་དོན་འཁྱོལ་བྱས་པར་བརྟེན། རང་ཁུལ་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་ཟབ་ཏུ་སྤེལ་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏང་དགོས། ལིའུ་ཁྲེང་མིང་གིས་རང་ཁུལ་གྱི་ཚོགས་པ་ཆེན་པོ་བཞིའི་ཚབ་མཛད་ནས་ཁས་ལེན་གསུམ་བྱས་ཡོད་དེ། སེམས་ཐག་གཙང་བཅད་ཀྱིས་གནད་དོན་བཅོས་སྐྱོང་དག་ཐེར་དམ་འཛིན་ཡག་པོ་བྱ་རྒྱུ་དང་གཅིག གཟབ་ནན་གྱིས་སྒྲིག་ཁྲིམས་དང་འགན་འཁྲི་ལ་ལྟ་སྐུལ་ནན་འདྲི་བྱ་རྒྱུ་དང་གཉིས། ཀུན་སྤྱོད་འཛུགས་སྐྱོང་ནན་པོ་བྱ་རྒྱུ་དང་གསུམ་བཅས་རེད།།