ཁུལ་སྲིད་གཞུང་བརྟག་ཞིབ་ཚོ་ཆུང་གིས་སྡེ་དགེ་དང་སེར་ཤུལ་རྫོང་དུ་སློབ་གསོ་དང་འཆར་ལྡན་བུ་བཙའི་ལས་ཀར་བརྟག་ཞིབ་བྱས།

དབྱངས་ཅན་གྱིས་བསྒྱུར།        2016-08-02

ཉེ་ཆར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་པའོ་དང་སུའུ་ཧའེ་ཅུན་གྱིས་ལས་སྒྲུབ་ཚོ་ཆུང་ཁྲིད་ནས་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་དང་སེར་ཤུལ་རྫོང་རྩེ་མདའ་ཤང་དུ་ཕྱིན་ནས་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན། སློབ་གྲྭའི་བདེ་ཐང་སློབ་གསོ་སོགས་ཀྱི་ལས་ཀར་བརྟག་ཞིབ་བྱས་པ་རེད།
སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བརྟག་ཞིབ་ཚོ་ཆུང་གིས་འཕྲོད་བསྟེན་ཁང་གིDRཡི་ཞིབ་བཤེར་ཁང་དང་། བྱིས་པའི་རིམས་ནད་འགོག་སྨན་རྒྱག་ཁང་། སྨན་བཅོས་མི་སྣའི་མཐའ་སྐོར་གྱི་འཁོར་རྒྱུག་སྡོད་ཁང་སོགས་ལ་ཞིབ་བཤེར་ནན་པོ་བྱས་པར་མ་ཟད་འཕྲོད་བསྟེན་ཁང་གི་སྨན་བཅོས་མི་སྣ་དང་བཞུགས་མོལ་བྱས། བརྟག་ཞིབ་ཚོ་ཆུང་གིས་ཞིང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་ཁང་གི་སྨན་བཅོས་ལས་སྒྲུབ་མི་སྣས་ནད་རིགས་འགོག་བཅོས་བྱེད་པའི་ལས་ཀ་ཡག་པོ་འཛིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་འཚོ་བའི་གོམས་གཤིས་ཡག་པོར་ཆགས་ཐུབ་པ་བྱས་ཏེ། ཞིང་འབྲོག་མི་དམངས་ཀྱི་ནད་རིགས་བཀག་འགོག་བྱེད་ནུས་ཆེ་རུ་གཏང་རྒྱུར་རོགས་རམ་བྱ་དགོས་པ་བསྟན་པ་རེད།
བརྟག་ཞིབ་ཚོ་ཆུང་སེར་ཤུལ་རྫོང་དུ་སླེབས་སྐབས་རྫོང་དེའི་རྩེ་མདའ་ཤང་གི་ཐུམ་འབུའི་ནད་ཀྱི་ཞིབ་བཤེར་ལས་ཀ་སྤེལ་བཞིན་པའི་སྒང་རེད། ལས་སྒྲུབ་ཚོ་ཆུང་གིས་ཡུལ་དངོས་སུ་ཞིང་ཆེན་ནད་རིགས་ཚོད་འཛིན་ལྟེ་གནས་ཀྱིས་གསར་བཟོ་བྱས་པའི་ཐུམ་འབུའི་ནད་པ་དོ་དམ་བྱེད་པའི་འཇའ་སྐྱིའི་མ་ལག་ལ་རྟོག་ཞིབ་བྱས་པར་མ་ཟད། སེར་ཤུལ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟ་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་བཅོས་དཔུང་སྡེའི་རོགས་རམ་འོག རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་བྱེད་པ་དང་སྦྲགས། མང་ཚོགས་ལ་ཐུམ་འབུའི་ནད་གཅིག་བསྡུས་ཞིབ་བཤེར་བྱེད་པའི་གོ་སྐབས་དང་བསྟུན་ནས་རྒྱ་ཆེ་བའི་ཞིང་འབྲོག་པ་ལ་ནད་འགོག་གི་བདེ་ཐང་ཤེས་བྱ་བསླབ་དགོས་པ་དང་། མང་ཚོགས་ལ་གཙང་སྦྲ་དང་བདེ་ཐང་། ཡ་རབས་བཅས་ལ་དང་དོད་བྱ་རྒྱུར་ཁྲིད་སྟོན་བྱེད་ཅིང་། རྗེས་ལུས་ཀྱི་འཚོ་བའི་གོམས་གཤིས་དོར་ནས་དེང་རབས་ཀྱི་ཡ་རབས་འཚོ་བ་རོལ་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།
ལས་སྒྲུབ་ཚོ་ཆུང་གི་མི་སྣ་ད་དུང་སེར་ཤུལ་རྫོང་རྩེ་མདའ་ཤང་གི་ལྟེ་གནས་སློབ་གྲྭ་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཕྱིན་ནས། མཉམ་ལས་ཁང་གི་མ་རྐང་འཇོག་ཚུལ་དང་། ཁེ་བཟང་བགོ་བཤའ་རྒྱག་ཚུལ། ཐོན་རྫས་བྲིན་ཚོང་བྱེད་ཚུལ། ཚོང་གཉེར་བྱེད་སྟངས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་ནོར་གནག་གི་འོ་མའི་ཐོན་ལས་འཕེལ་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་མདའ་མདོ་ཤང་གིས་དབུལ་སྐྱོར་གནད་སྨིན་གྱི་ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་བྱས།
  • དོ་སྣང་ཆེ་བའི་རྩོམ།