ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཕྱུག་འགྱུར་ཕུགས་འདུན་གྲུབ།
དབྱངས་ཅན་གྱིས་བསྒྱུར། 2016-07-14
མེ་ཏོག་དང་རོལ་དབྱངས་བསྡེབས་པའི་གྲོང་རྡལ་ཆུང་ཆུང་ལ་འོངས་ནས་བོད་པའི་ཁྱིམ་ཚང་གི་ཞིམ་མངར་ལྡན་པའི་བཟའ་བཅའ་ལོངས་སུ་སྤྱད་མྱོང་བའི་ཡུལ་མི་དང་ཡང་ན་འབྲེལ་དྲྭ་བརྒྱུད་ནས་འབའ་ཐང་ལ་དོ་ཁུར་བྱས་པའི་ཕྱི་ཡུལ་གྱི་མི་སུ་ཡིན་རུང་། གྲོང་རྡལ་ཆུང་ཆུང་དེའི་མི་རིགས་ཀྱི་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་པའི་བཟའ་བཅའ་ལ་ཡིད་སྨོན་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད།མེ་ཏོག་དང་རོལ་དབྱངས་བསྡེབས་པའི་གྲོང་རྡལ་ཆུང་ཆུང་ཞེས་པའི་ལས་གཞི་དེ2015ལོའི་ལོ་སྟོད་དུ་ལས་འགོ་ཚུགས་ཤིང་ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་རྫོང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི2000གཏོང་འཇོག་བྱས་པ་རེད། གྲོང་རྡལ་ཆུང་ཆུང་དེའི་ཡུལ་མིའི་སྡོད་ཁང་གི་སྔར་ཡོད་རྣམ་པ་རང་སོར་འཇོག་པའི་རྨང་གཞིའི་ཐོག་དུས་རིམ་དང་པོའི་དུད་ཚང148ཀྱི་བོད་ཁང་དམར་པོར་བསྒྱུར་རྒྱུའི་ཨར་ལས་གྲུབ་ཟིན། མིག་སྔར་འགྲུལ་པའི་བསྡུ་འགྲེམ་ལྟེ་གནས་དང་རོལ་དབྱངས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་འཛུགས་སྐྲུན་ལས་ཀ་སྒྲུབ་བཞིན་པ་དང་འཛུགས་སྐྲུན་གྲུབ་རྗེས་ཉིན་རེར་མ་མཐའ་ཡང་འགྲུལ་པ་མིའི་ཐེངས་གྲངས1200ལྷག་ལ་སྣེ་ལེན་བྱེད་ཐུབ་པ་རེད།གྲོང་རྡལ་ཆུང་ཆུང་དེར་མིག་སྔར་མགྲོན་ཁང་གཙོ་བོ་དང་ཡུལ་མིའི་སྣེ་ལེན་སྡོད་ཁང་ཁ་ཤས་ཀྱི་སྤྱི་ཁོག་ཨར་ལས་ཕལ་ཆེར་གྲུབ་ཟིན། རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་མང་ཚོགས་ཀྱི་འདོད་བློ་ལྟར་མགྲོན་ཁང་དང་། ཡུལ་མིའི་སྣེ་ལེན་སྡོད་ཁང་། བཟའ་བཏུང་། ཆང་ཁང་། རོལ་རྩེད་སོགས་སྣ་མང་མཉམ་འདུས་ཀྱི་ཞབས་ཞུ་གཅིག་འཐུས་ཅན་དུ་བསྐྲུན་རྒྱུ་རེད།སྨྱུག་འཛིན་པ་ཁང་པའི་ནང་བཅད་མཛེས་མོ་བྱས་ཡོད་པའི་མགྲོན་ཁང་ཞིག་ཏུ་ཕྱིན་སྐབས། མགྲོན་ཁང་གི་ཚོམས་ཆེན་དུ་བོད་པའི་སྲོལ་རྒྱུན་གྱི་ཁྱིམ་ཆས་དང་འཚོ་བའི་སྤྱོད་ཆས་སྣ་ཚོགས་བཤམས་ནས་འགྲུལ་པ་ཚོར་ལྟ་བཅུག་པར་མ་ཟད། མགྲོན་ཁང་གི་བདག་པོས་ད་དུང་མགྲོན་ཁང་ཟུར་དུ་ཡོད་པའི་གནའ་ཉམས་དོད་པའི་བོད་པའི་སྡོད་ཁང་དེ་ཁ་ཧྥེའི་ཇ་ཁང་རྙིང་པ་ཞིག་ཏུ་གསར་སྐྲུན་བྱས་ནས། འགྲུལ་པ་ཚོར་སྡོད་ཁང་རྙིང་པའི་ནང་དེང་རབས་ཀྱི་སྤྲོ་གསེང་འཚོ་བར་མྱོང་རོལ་བྱེད་དུ་བཅུག་པ་དང་ཆབས་ཅིག འབའ་ཐང་གི་གནའ་བོའི་མི་རིགས་རིག་གནས་ལ་མྱོང་ཚོར་བྱེད་དུ་བཅུག་པ་རེད། ཁང་བདག་རྣམ་རྒྱལ་ནི་ཡུལ་དེར་སྐྱེས་པའི་ཞིང་པ་ཞིག་ཡིན། ལོ་འགའ་ཡི་སྔོན་དུ་ཤམ་བྷ་ལ་དང་འདབ་པའི་ཉི་སྟེན་སོགས་ལ་ཡུལ་སྐོར་འགྲོ་སྐབས། ཡུལ་སྐོར་སྤྲོ་འཆམ་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ལ་ཕན་འབྲས་བཟང་པོ་ཐོབ་པར་མཐོང་བས། ཕྱིར་ཁྱིམ་དུ་ལོག་རྗེས་མགྲོན་ཁང་ཞིག་བསྐྲུན་རྒྱུའི་བསམ་ཚུལ་བྱུང་ནས། མ་དངུལ་སྒོར་ཁྲི600ལ་ཉེ་བ་བཏང་ནས་མགྲོན་ཁང་ཞིག་གསར་དུ་བསྐྲུན་པ་དང་ཉིན་རེར་འགྲུལ་པ40ལྷག་ལ་སྣེ་ལེན་བྱེད་ཐུབ་པ་རེད།དང་ཐོག་མགྲོན་ཁང་བསྐྲུན་པར་མ་དངུལ་མང་པོ་དགོས་པས་ངས་དངུལ་ཁང་ནས་དངུལ་བསྐྱིས་པས་མ་ཚད་ད་དུང་གཉེན་ཉེ་གྲོགས་པོ་དག་ལ་དངུལ་མི་ཉུང་བ་ཞིག་གཡར་ནས་སེམས་ཁྲལ་ཆེན་པོ་བྱུང་། ཡིན་ནའང་རྫོང་གིས་ང་ཚོར་སེམས་ཁུར་བྱས་ནས་ནམ་རྒྱུན་ཁྲིད་སྟོན་བྱེད་སར་ཡོང་བར་མ་ཟད་གལ་ཏེ་སྣེ་ཁྲིད་དཔེ་སྟོན་དུད་ཚང་དུ་གྱུར་ན་ཁ་གསབ་མ་དངུལ་སྒོར་ཁྲི5བྱིན་རྒྱུ་ཡོད་པ་ཡང་གོ་བྱུང་ཞེས་རྣམ་རྒྱལ་གྱིས་ཡིད་ཆེས་ཁེངས་ནས་དེ་ལྟར་བཤད་པ་རེད།རྫོང་དེའི་ཡུལ་སྐོར་སྡེ་ཁག་གི་འགན་ཁུར་མི་སྣས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་གོམ་སྟབས་དང་བསྟུན་ནས། ཡུལ་སྐོར་གསར་སྦོལ་བྱེད་པ་དང་ཆབས་ཅིག གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཉ་བྱུང་སྟེང་གཟུགས་མེད་རིག་གནས་ཤུལ་བཞག་གི་སྤྱི་གླིང་དང་འབའ་ཐང་གི་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། རྫོང་ཁུལ་དེ་མེ་ཏོག་གི་གྲོང་ཁྱེར་དང་། ཉི་འོད་ཀྱི་གྲོང་ཁྱེར། ཞིམ་མངར་བཟའ་བཅའི་གྲོང་ཁྱེར། ཁམས་གསོའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ཏེ་ཀྲུང་གོའི་ཆེས་མཛེས་ལམ་རྒྱུད་ནས་མཛེས་ལྗོངས་ཀྱི་ས་ཚུགས་ཡག་ཤོས་ཤིག་བསྐྲུན་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།།