རང་ཁུལ་གྱིས་གྲོང་གསེབ་ཏུ་བཅའ་སྡོད་བྱས་ཏེ་དབུལ་སྐྱོར་གནད་སྨིན་གྱི་ལས་སྒོའི་གསོ་སྦྱོང་བྱེད་སྒོ་སྤེལ།
དབྱངས་ཅན་གྱིས་བསྒྱུར། 2016-05-09
གྲོང་སྡེའི་ལས་བྱེད་པས་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་ཁྲོད་མང་ཚོགས་སྣེ་ཁྲིད་དེ་དབུལ་བྲལ་ཕྱུག་འགྱུར་གྱི་ནུས་པ་མཐོར་འདེགས་གཏོང་བ་དང་ཐོན་ལས་དབུལ་སྐྱོར་དུད་ཚང་གི་བསམ་པའི་འདུ་ཤེས་འཕོ་འགྱུར་གཏོང་ཆེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་བླང་བྱ་དང་བཀོད་སྒྲིག་ལྟར། ཟླ་བ4པའི་ཚེས18ནས་ཚེས24ཉིན་གྱི་བར་ཁུལ་ཐད་གཏོགས་ལས་བཟོའི་ཨུ་ལྷན་གྱིས་སྣེ་ཁྲིད་ཅིང་། གསེར་ཐར་རྫོང་གི་དབུལ་སྐྱོར་ལས་ཀར་འབྲེལ་འདྲིས་བྱེད་མཁན་ཁུལ་རིམ་པའི་སྡེ་ཁག9ཡིས་རྫོང་དེའི་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་བྱེད་མཁན་ལག་རྩལ་མི་སྣ་དང་ཐོན་ལས་དབུལ་སྐྱོར་དུད་ཚང་སྒྲིག་འཛུགས་བྱས་ནས་ཁུལ་མི་རིགས་ལས་བྱེད་སློབ་གྲྭར་གསོ་སྐྱོང་སྦྱོང་བརྡར་བྱས་པ་དང་ཆབས་ཅིག སྡེ་ཁག9ཡིས་བྱ་སྤྱོད་སྤེལ་གང་ཐུབ་བྱས་ཤིང་།དབུལ་སྐྱོར་ལས་གཞི་དང་མ་དངུལ་དོན་འཁྱོལ་བྱས་ནས་ཡུལ་དེའི་འབྲོག་པ་མང་ཚོགས་སྔ་ཚེར་དབུལ་ཕོངས་ལས་བྲལ་ཐུབ་པར་སྐུལ་འདེད་བཏང་བ་རེད།
གསོ་སྦྱོང་བྱེད་རིང་དུ་གསེར་ཐར་རྫོང་གི་གྲོང་སྡེར་བཅའ་སྡོད་རོགས་སྐྱོར་བྱེད་པའི་རྐང་འཛིན་ལག་རྩལ་མི་སྣ་དང་དབུལ་སྐྱོར་དུད་ཚང་བཅས་དར་མདོ་གྲོང་ཁྱེར་དང་། རོང་བྲག ལྕགས་ཟམ་རྫོང་སོགས་ལ་ཕྱིན་ཏེ་ཁག་ཕྱེ་ནས་འབྲོག་མིའི་གཞིས་ཆགས་སྡོད་ཁང་དང་། ཕྱུགས་འབྲོག་ལས་རིགས་འཕེལ་རྒྱས། འབྲོག་པའི་སྤྲོ་སྐྱིད་ཁང་བདག་གཉེར། ཡུལ་མིའི་སྡོད་ཁང་དུ་སྣེ་ལེན་དང་ཚོང་གཉེར་བྱེད་སྟངས་སོགས་ལ་ལྟ་སྦྱོང་བྱས་པ་དང་། ཡུལ་དངོས་སུ་ཞིང་ལས་ཡུལ་ལྗོངས་ལ་ལྟ་སྐོར་དང་། འབྲས་ཤིང་དང་སྔོ་ཚལ་གཞི་ཁྱོན་ཅན་དུ་འདེབས་འཛུགས་བྱེད་སའི་དྲོད་ཁང་ཆེན་པོའི་རྟེན་གཞི། གཞི་ཁྱོན་ཅན་དང་ཁྱད་ཆོས་ལྡན་པའི་སྒོས་བོད་ཕག་གསོ་སྤེལ་བྱེད་སའི་ཐོན་ལས་རྟེན་གཞི་སོགས་ལ་ཉམས་ལེན་བྱས།
ལྟ་སྦྱོང་མཇུག་བསྒྲིལ་རྗེས་སྦྱོང་བརྡར་ནང་ཞུགས་པའི་ལས་བྱེད་པ་དང་ཐོན་ལས་དབུལ་སྐྱོར་དུད་ཚང་གིས་ཐེངས་འདིའི་གསོ་སྦྱོང་ཁྲོད་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་ནས་དབུལ་བྲལ་ཕྱུག་འགྱུར་ཡོང་བར་ཡིད་ཆེས་ཆེན་པོ་ཡོད་པས། ངེས་པར་དུ་སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་གསེར་ཐར་འབྲོག་ཁུལ་དུ་སྤེལ་ནས་ཕ་ཡུལ་མི་དམངས་ཀྱི་འདུ་ཤེས་འགྱུར་དུ་བཅུག་པ་དང་ཆབས་ཅིག འབྲོག་ཁུལ་གྱི་དོན་དངོས་དང་འབྲེལ་ནས་ཕ་ཡུལ་གྱི་མི་དམངས་སྔ་ཚེར་དབུལ་ཕོངས་ལས་བྲལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།།