ཧྲུའུ་ཅི་དང་པོས་མང་ཚོགས་ལ་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་པའི་ལག་རྩལ་བསླབས།
དབྱངས་ཅན་གྱིས་བསྒྱུར། 2016-04-24
ཟླ་བ4པའི་ཚེས16ཉིན་ཕྱག་ཕྲེང་རྫོང་ས་གོང་ཤང་སྤྲིན་མགོ་གྲོང་སྡེའི་ཨུ་ལྷན་གཉིས་ཀྱི་ཚོགས་པའི་གྲུབ་མིས་ཤང་ཏང་ཨུའི་ཧྲུའུ་ཅི་དང་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཁྲུན་ཧྭ་ཡི་ཁྲིད་སྟོན་འོག དྲོད་ཁང་ཆེན་པོའི་རྟེན་གཞི་རུ་མ་རྨོས་ལོ་ཏོག་གི་སོན་སྨྱུག་འདེབས་འཛུགས་བྱེད་པའི་ལག་རྩལ་གསར་པ་སློབ་སྦྱོང་ཡག་པོ་བྱས་ཤིང་། ས་རྒྱུ་ཚགས་པ་ནས་ཞིང་ལུད་རྒྱག་པ།དེ་ནས་ས་བོན་འདེབས་པ་དང་འགྱིག་ཁེབས་འགེབས་རྒྱུ་སོགས་གང་ཅིའི་ཐད་ལའང་གཟབ་གཟབ་བྱས་ཡོད་དེ།རྒྱུ་མཚན་ནི་བརྒྱུད་རིམ་དེ་ཚང་མ་ཤང་ཡོངས་ཀྱི་འདེབས་འཛུགས་ཆག་ཚུལ་ལེགས་སྒྲིག་བྱེད་འཐུས་མིན་དང་རགས་ལས་པས་སོ།།
མཚོ་འཕགས་སྨི3200ཡན་ལས་བརྒལ་བའི་ས་གོང་ཤང་དེ་ཞིང་མ་འབྲོག་གི་ཤང་ཞིག་ཡིན། སོ་བ་དང་གྲོ་ནས་སོགས་འབྲུ་རིགས་སྐྱེ་དངོས་ཀྱི་ཐོན་ཚད་ལེགས་པོ་ཡིན་རུང་དོ་དམ་ཞིབ་ཕྲ་མིན་པས་འབྲས་བུ་ཞན་པ་རེད། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་འཕར་སྣོན་བཏང་ནས་དབུལ་བྲལ་གྱི་གོམས་སྟབས་ཇེ་མགྱོགས་སུ་གཏོང་ཆེད། ཁྲུན་ཧྭ་ཡིས་ཕྱོགས་མང་པོ་ནས་བརྟག་ཞིབ་དང་བསམ་འཆར་བསྡུ་ལེན་བྱས་ནས། ཕྱོགས་བསྡུས་ཆ་རྐྱེན་ཡག་ཙམ་ཡིན་པའི་སྤྲིན་མགོ་གྲོང་སྡེ་ལ་གྲང་ངར་ཐེག་ཐུབ་པའི་མ་རྨོས་ལོ་ཏོག་གི་སྐྱེ་དངོས་ཚོད་ལྟ་འདེབས་འཛུགས་བྱེད་ཐག་བཅད་པ་རེད།
ཁྲུན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་སྲིད་མ་རྨོས་ལོ་ཏོག་ཚོད་ལྟ་འདེབས་འཛུགས་བྱ་རྒྱུ་ལེགས་འགྲུབ་བྱུང་ཐུབ་ན། མུའུ་རེའི་ཐོན་ཚད་རིན་ཐང་སྒོར800ཡན་ལ་ཟིན་ནས་གྲོ་འདེབས་འཛུགས་བྱས་པ་ལས་ལྡབ་གཉིས་ཡན་ཟིན་ཐུབ་པར་མ་ཟད།ས་ཞིང་ཁྲོད་དུ་ད་དུང་སྔོ་ཚལ་སྣོལ་འདེབས་བྱ་ཆོག མ་རྨོས་ལོ་ཏོག་རྔ་བསྡུ་བྱས་རྗེས་སོག་མ་ནོར་ཕྱུགས་ཀྱི་གཟན་ཆས་སམ་ལུད་རྒྱུ་བཟོ་ཆོག མང་ཚོགས་ཀྱིས་འདེབས་འཛུགས་དང་དོ་དམ་བྱེད་ཐབས་སྦྱོང་ཐུབ་པར་མ་ཟད་ཡོང་འབབ་ཀྱང་འཕར་ཐུབ་པ་རེད།
ཡུལ་མིས་མ་རྨོས་ལོ་ཏོག་ཚོད་ལྟ་འདེབས་འཛུགས་བྱེད་པའི་ལས་ཀར་ཡིད་ཆེས་ནས།ཧྲུའུ་ཅིས་ཟེར་བ་ལྟར་དོ་དམ་ཞིབ་ཕྲ་བྱེད་པ་དང་ར་སྐོར་ཡག་པོ་བསྐྲུན་ནས་རྒང་སོགས་སྲོག་ཆགས་སྣ་ཚོགས་ཀྱིས་གནོད་པ་གཏོང་བ་འགོག་ཐུབ་ན། མ་རྨོས་ལོ་ཏོག་ཚོད་ལྟ་འདེབས་འཛུགས་བྱེད་པའི་ལས་ཀར་གྲུབ་འབྲས་ཡག་པོ་མི་ཐོབ་པའི་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད།
ཉིན་ཕྱེད་ཙམ་ལས་མ་དགོས་པར་མ་རྨོས་ལོ་ཏོག་གི་སོན་བཟང་ཁུག་མ་དོ་ཚང་མ་བཏབས་ཚར་བ་རེད། དྲོད་འཇམ་ལྡན་པའི་ཉི་འོད་ཁྲོད་གྲལ་སྟར་འགྲིག་པའི་འགྱིག་ཁེབས་འོག་གི་མ་རྨོས་ལོ་ཏོག་དེ་དག་ལ་བལྟས་ན་མི་ཚོའི་རེ་བ་ཁེངས་ཐུབ་ངེས་རེད།།