ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་དཔལ་སྨད་གྲོང་སྡེའི་དབུལ་ཕོངས་དུད་ཚང་ལ་ཕན་པ་བསྐྲུན།
དབྱངས་ཅན་གྱིས་བསྒྱུར། 2016-03-28
ཉེ་ཆར། ཕྱག་ཕྲེང་རྫོང་ཕྲེང་སྨད་ཤང་དཔལ་སྨད་གྲོང་སྡེའི་དབུལ་སྐྱོར་གནད་སྨིན་དུད་ཚང་ཝུའུ་སུའོ་ཀྲུང་གིས་རྒུན་འབྲུམ་བཙུགས་པའི་ཡོང་འབབ་སྒོར6150ལག་ཏུ་ཁུར་ནས་དགའ་སྤྲོའི་ངང་ལོ་གསུམ་ལ་རྒུན་ཆང་བཟོ་ཡས་ཀྱི་རྒུན་འབྲུམ་ཚོད་ལྟ་འདེབས་འཛུགས་བྱས་པ་ཡིན། ད་ལོར་འབྲས་བུ་བཏགས་མ་ཐག་ཡོང་འབབ་འདི་འདྲའི་མང་པོ་ཞིག་རག་པ་ནི་དྲན་མ་མྱོང་ཞེས་བཤད།རྫོང་དེའི་ཕྲེང་སྨད་ཤང་དཔལ་སྨད་གྲོང་སྡེ་ནི་རྫོང་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེ42ཀྱི་ཡ་གྱལ་ཡིན། རྨོད་ཞིང་མུའུ240ཡོད་པ་དང་དཔལ་འབྱོར་ཡོང་སྒོ་གཙོ་བོ་དབྱར་རྩྭ་དགུན་འབུ་དང་ཤ་མོ་ཡིན། གྲོང་སྡེ་ཡོངས་ལ་དུད་ཚང26དང་མི་གྲངས173ཡོད་པ་རེད། དེའི་ནང་དབུལ་སྐྱོར་གནད་སྨིན་གྱི་དུད་ཚང9ཡི་མི་གྲངས43ཡོད། དཔལ་སྨད་གྲོང་སྡེའི་ཡུལ་མི་ཚོར་ནད་ཕོག་པ་དང་། སློབ་གྲྭར་ཞུགས་པ། ངལ་རྩོལ་མི་ལག་མི་འདང་བའི་ཕྱིར་དབུལ་པོར་གྱུར་བའམ་ཕྱུག་འགྱུར་ཡོང་དཀའ་བའི་གནས་ཚུལ་མངོན་གསལ་ཡིན་པ་དང་ཆབས་ཅིག སྲོལ་རྒྱུན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་གནམ་ཆུ་བསྒུགས་ནས་འཚོ་བ་སྐྱེལ་བ་དང་རིར་བརྟེན་འཚོ་བ་སྐྱེལ་བའི་བསམ་ཚུལ་འཛིན་པའི་ཤུགས་རྐྱེན་ཐེབས་སྟབས། ཡུལ་དེའི་དབུལ་ཕོངས་དུད་ཚང་ལ་གཙོ་རྟེན་ཐོན་ལས་མི་འདང་བར་མ་ཟད་ཕྱུག་འགྱུར་གྱི་ཐབས་ལམ་དེ་བས་མེད་པ་རེད། དབྱར་རྩྭ་དགུན་འབུ་དང་ཤ་མོ་ཐོན་ཚད་ཞན་པའི་སྐབས། དུད་ཚང་རེར་ལོ་རེའི་ཡོང་འབབ་སྒོར3000ཡས་མས་ལས་སྲུང་འཛིན་བྱེད་མི་ཐུབ་པ་དང་། 2014ལོར་ཆ་སྙོམས་མི་རེར་ཡོང་འབབ་སྒོར3485ལས་ཟིན་མི་ཐུབ་པ་རེད།ལོ་གསུམ་གྱི་སྔོན་དུ་དཔལ་སྨད་གྲོང་སྡེ་འདྲ་བ་གནམ་གཤིས་ཆ་རྐྱེན་ཡག་ཀྱང་ཐོན་ལས་འཕེལ་རྒྱས་དལ་ཞིང་། མང་ཚོགས་ཀྱི་ཡོང་འབབ་འཕར་དཀའ་བའི་ཕྲེང་སྟོད་དང་། ཕྲེང་སྨད། གདོང་གསུམ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་དབུལ་ཕོངས་གྲོང་སྡེ་འགའ་ཡི་གནས་ཚུལ་ལ་དམིགས་ནས། ཕྱག་ཕྲེང་རྫོང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྲིད་གཞུང་གིས་རྒྱབ་སྐྱོར་དང་། སྡེ་ཁག་གིས་ཁྲིད་སྟོན། ཞིང་དུད་གཙོ་བོར་བྱེད་པ། ཁེ་ལས་ལས་ཀའི་ནང་ཞུགས་པ་བཅས་ཀྱི་བྱེད་སྟངས་ལྟར་ཆང་སྙོལ་ཡས་ཀྱི་རྒུན་འབྲུམ་འདེབས་འཛུགས་བྱེད་སའི་རྟེན་གཞི་འཕེལ་རྒྱས་གཏོང་འགོ་ཚུགས་པ་རེད། མང་ཚོགས་ཀྱི་དོག་པ་སེལ་ཐུབ་པའི་ཆེད་དུ་རྫོང་དེའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྒུན་སྒྲོམ་དང་རྒུན་འབྲུམ་གྱི་སོན་སྨྱུག་བཅས་མཁོ་སྤྲོད་བྱས་ཤིང་ལག་རྩལ་གྱི་ཐོག་ནས་རྒྱབ་སྐྱོར་བྱས་པར་མ་ཟད། ས་ཞིང་གི་ཡོང་འབབ་ལྟར་ལོ་རེར་ས་ཞིང་མུའུ་རེའི་གསབ་དངུལ་སྒོར1700སྤྲད་པར་མ་ཟད། བསྟུད་མར་ལོ་གསུམ་རིང་གསབ་དངུལ་སྤྲོད་པའི་བྱེད་སྟངས་སྤྱད་ནས་མང་ཚོགས་ལ་བློ་བདེའི་ངང་ཆང་སྙོལ་ཡས་ཀྱི་རྒུན་འབྲུམ་འདེབས་འཛུགས་བྱ་རྒྱུར་སྐུལ་སློང་བྱས་པ་དང་། མང་ཚོགས་ལས་ཀ་དེར་ཞུགས་རྒྱུ་སྐུལ་སློང་ཧུར་ཐག་བྱས་སྟབས། ཤང་དང་གྲོང་རྡལ་དེ་གསུམ་གྱིས་མིག་སྔར་རྒུན་འབྲུམ་རྟེན་གཞི་མུའུ506བསྐྲུན་ཡོད།
ལོ་གསུམ་རིང་འདེབས་འཛུགས་ཞིབ་ཚགས་བྱས་པར་བརྒྱུད། རྫོང་དེའི་ཤང་དང་གྲོང་རྡལ་གསུམ་གྱིས་ཆང་སྙོལ་ཡས་ཀྱི་རྒུན་འབྲུམ་ཏུན58ཐོན་ལེགས་ཐོབ་ནས་དཔལ་འབྱོར་ཡོང་འབབ་སྒོར་ཁྲི34.9ལ་ཟིན་པ་དང་། དུད་ཚང148ཚང་མར་ཆ་སྙོམས་ཡོང་འབབ་སྒོར2360རེར་འཕར་ཡོད། སྔོན་དཔག་བྱས་ན2020ལོར་སླེབས་དུས་ཕྱག་ཕྲེང་རྫོང་གི་ཆང་སྙོལ་ཡས་ཀྱི་རྒུན་འབྲུམ་ཐོན་ལེགས་བྱུང་སྐབས་ས་ཞིང་མུའུ་རེར་རྒྱ་མ2000ལ་ཟིན་ཐུབ་ཅིང་། རྒྱ་མ་རེར་སྒོར5རེ་ལྟར་བརྩིས་ན་མུའུ་རེའི་ཡོང་འབབ་སྒོར་ཁྲི1ལ་ཟིན་ཐུབ། ཕྲེང་སྟོད་དང་། ཕྲེང་སྨད། གདོང་གསུམ་བཅས་ཤང་དང་གྲོང་རྡལ་གསུམ་གྱི་དབུལ་ཕོངས་གྲོང་སྡེ་དབུལ་བྲལ་ཕྱུག་འགྱུར་ཡོང་བའི་དམིགས་ཡུལ་འགྲུབ་ཐུབ་རེ་ཡོད་པ་རེད།
རྗེས་མར་རྫོང་དེས་ད་དུང་ཞིང་ལས་ཀྱི་ཕན་འབྲས་དང་ཞིང་པའི་ཡོང་འབབ་འཕར་བར་དམིགས་ནས། རྨང་གཞིའི་སྒྲིས་ཆས་འཛུགས་སྐྲུན་བྱ་རྒྱུས་གཙོ་བོར་བྱས་ཏེ་མུའུ་ཁྲི་ལྡན་པའི་ལྡུམ་ཁུལ་དུ་སྟར་ཀ་མུའུ་ཁྲི་དང་འབྲས་ཤིང་མུའུ་ཁྲི། གཞི་ཁྱོན་ལྡན་པའི་གསོ་སྤེལ་དང་མཐོ་སྒང་གི་ཕྱུགས་རིགས་འཕེལ་རྒྱས་གཏང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་དང་། 2017ལོར་སླེབས་དུས་མི་རེར་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་ས་ཞིང་མུའུ་རེ་དང་། ཤིང་ཏོག་སྐམ་པོའམ་འབྲས་ཤིང་མུའུ་རེ། མཐོ་སྒང་གི་ནོར་རྒྱུད་གཅིག་བཅས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱས་ཏེ་ཁྱོན་ཡོངས་ནས་དབུལ་ཕོངས་ལས་བྲལ་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་ཐུབ་པར་སྲ་ཞིང་བརྟན་པོའི་རྨང་གཞི་འདིང་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད།།