ལིའུ་ཁྲེང་མིང་གིས་རྟའུ་དང་དར་མདོར་ལོ་གསར་པའི་འཚམས་འདྲི་བྱེད་སྒོ་སྤེལ།
སྐལ་ཐུབ་ཀྱིས་བསྒྱུར། 2016-02-21
ལུགས་རྙིང་ལོ་གསར་དང་བོད་ལོ་གསར་འཆར་ལ་ཉེ་བའི་ཚེ། ཟླ་བ་དང་པོའི་ཚེས17ནས18ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་རྫོང་དང་དར་མདོ་གྲོང་ཁྱེར་བཅས་སུ་ཕེབས་ནས་ལོ་གསར་པའི་འཚམས་འདྲི་བྱེད་སྒོ་སྤེལ་བ་རེད། ཁོང་གིས་དབུལ་སྐྱོར་བྱེད་ཡུལ་གྱི་དབུལ་ཕོངས་དུད་ཚང་དང་། ཆ་སྒྲིག་ཉེ་འཚོལ་གྱི་ཉེ་བ། དབུལ་ཕོངས་ཏང་མི། ཟངས་མདོག་དཔལ་རིའི་ཇོ་མོ་དགོན་གྱི་དབུལ་ཕོངས་དགེ་འདུན་བ་སོགས་ལ་འཚམས་འདྲི་ཞུས་ཤིང་ཁུལ་ཨུའི་ཚབ་མཛད་ནས་ཚང་མ་ལ་ལོ་གསར་པར་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་པ་རེད།ལིའུ་ཁྲེང་མིང་སྔ་ཕྱིར་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྲོང་འགོ་གྲོང་སྡེ་དང་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་རྡོ་ར་དཀར་མོའི་གྲོང་སྡེར་ཕེབས་ནས་མང་ཚོགས་ཀྱི་འདོད་བློར་གསན་ཞིང་ཁོ་ཚོས་ལོ་གསར་པའི་འཚོ་བར་བཀོད་སྒྲིག་ཇི་ལྟར་བྱེད་བཞིན་ཡོད་པ་དང་། ས་འགུལ་གྱི་གནོད་འཚེ་ཐེབས་རྗེས་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་གནང་བར་མ་ཟད་འབྲས་དང་ཇ། ཟ་སྣུམ་སོགས་ཀྱི་འཚམས་འདྲིའི་དངོས་རྫས་ཀྱང་སྟེར་བ་རེད། ས་གནས་རེ་རེར་སླེབས་པའི་ཚེ་ལིའུ་ཁྲེང་མིང་གིས་ཚང་མས་ཡིད་ཆེས་བརྟན་པོ་བཅངས་ཤིང་རང་སྟོབས་རང་སྤེལ་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ་རང་གིས་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་ཁྱིམ་གཞིས་གསར་པ་བསྐྲུན་དགོས་པའི་སྐུལ་མ་གནང་བ་རེད། ཁོང་གིས་ས་གནས་གཉིས་ཀྱི་རིམ་ཁག་ལས་བྱེད་པ་རྣམས་ཀྱིས་མང་ཚོགས་སྡོད་ཁང་ཡག་པོ་ནང་སྡོད་ཐུབ་པ་དང་འཚོ་བ་ཡག་པོ་རོལ་ཐུབ་པ། གོམས་གཤིས་ཡག་པོ་ཆགས་པ། དར་སྲོལ་ཡག་པོ་ཆགས་པ་བཅས་ཀྱི་བཞི་ཡག་པའི་བླང་བྱ་ལྟར་ས་གནས་གཉིས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ས་ཁོངས་ཀྱི་མཐུན་རྐྱེན་འདོན་སྤེལ་གང་ལེགས་བྱེད་ཅིང་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་བཟང་པོ་གསོ་སྤེལ་ཤུགས་ཆེན་བྱས་ཏེ་གནོད་འཚེ་ཐེབས་པའི་མང་ཚོགས་དང་མཉམ་དུ་གནོད་ཐེབས་ས་ཁུལ་ལས་རིགས་དར་ཞིང་ཁྱིམ་ཚང་ཕྱུག་པ་དང་། གྲོང་སྡེ་མཛེས་ཤིང་མི་རྣམས་འཆམ་མཐུན་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་དགོས་པའི་ཐུགས་རེ་གནང་བ་རེད།ལིའུ་ཁྲེང་མིང་གིས་དབུལ་ཕོངས་ཏང་མི་རིག་འཛིན་རྡོ་རྗེ་དང་དབུལ་ཕོངས་མང་ཚོགས་ཚེ་རིང་བུ་མཁས། ལིན་ཡུན་ཧོང་སོགས་དང་བཞུགས་མོལ་གནང་ཞིང་ཁོ་ཚོ་དབུལ་ཕོངས་གྱུར་པའི་རྒྱུ་རྐྱེན་ལ་འདྲི་རྟོགས་གནང་ཞིང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་སོ་སོ་ནས་གཞི་རིམ་གྱི་ཏང་ཡོན་ལ་སེམས་ཁུར་བྱ་དགོས་པ་དང་ཏང་མི་རྣམས་ཕྱུག་འགྱུར་བྱེད་པའི་འཇོན་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་འཇོན་ལྡན་མི་སྣ་ཏང་ཡོན་ལ་དར་འཕེལ་གཏོང་བ། ཏང་ཡོན་གྱི་སྔོན་ཁྲིད་དཔེ་སྟོན་གྱི་ནུས་པ་ཡག་པོ་འདོན་འཇུག་དགོས་ཞེས་ནན་གསུང་གནང་བ་རེད།ལིའུ་ཁྲེང་མིང་ད་དུང་ཆ་སྒྲིག་ཉེ་འཚོལ་གྱི་ཉེ་བ་ཆོས་མཚོ་དང་ཞེ་ཁང་ཧྲན། སངས་གྲགས་པ་བཅས་དང་ཁ་བརྡ་གླེང་མོལ་དང་འཚོ་བའི་གནས་ཚུལ་དྲིས་ཤིང་ཕན་ཚུན་ལོ་གསར་གྱི་རྟེན་འབྲེལ་ཞུ་རེས་གནང་བ་དང་། རྟའུ་རྫོང་ཟངས་མདོག་དཔལ་རིའི་ཇོ་མོ་དགོན་གྱི་དགེ་འདུན་བ་དང་ལས་བྱེད་མི་སྣར་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།།