ཟླ་བ་དང་པོའི་ཚེས13ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བ་ཁུལ་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས་གྲོས་བསྡུར་བྱེད་སའི་ནང་ཞུགས་ནས་གྲོས་བསྡུར་མཛད་པ་རེད།
ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ནན་ཏན་གསན་རྗེས། ཁོང་གིས་ང་ལ་མྱོང་ཚོར་འདི་འདྲ་ཞིག་འདུག ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བསམ་ཚུལ་ལེགས་འགྱུར་བྱུང་བ་དང་གྲོས་བསྡུར་བྱ་རྒྱུའི་ནང་དོན་ལེགས་འགྱུར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སེམས་ཁུར་དང་དམངས་འཚོ་ལེགས་བཅོས་ལ་ཐུགས་ཁུར་བཅས་ཀྱི་སྐོར་གླེང་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།དེའི་ཐོག་ནས་ཁུལ་ཡོངས་ཀྱི་མི་ཚང་མས་བརྟན་བརླིང་ལ་ཡིད་སྨོན་དང་བརྟན་བརླིང་ལ་གཅེས་སྐྱོང་། དོན་དག་བུད་མི་འདོད་པ། དོན་དག་བུད་པར་མི་དགའ་བར་གྱུར་ཡོད། ཁུལ་ཡོངས་སུ་ལས་ཀ་བྱེད་འདོད་པ་དང་ལས་ཀར་ཧུར་བརྩོན། ལས་དོན་སྒྲུབ་ཐུབ་པའི་ཁོར་ཡུག་གི་རྣམ་པ་ཞིག་རིམ་བཞིན་ཆགས་གི་འདུག དེ་ནི་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོས་འབད་བརྩོན་བྱས་པའི་འབྲས་བུ་རེད་ཅེས་གསུངས་པ་རེད།
ཡེ་ཤེས་ཟླ་བས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་དང་སྦྱོང་བརྡར་ཡར་བརྩོན། གཅིག་གྱུར་གྱིས་འཆར་འགོད་བྱས་ནས་དམངས་འཚོ། འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་ཡག་པོ་བྱས་ཤིང་། གཞི་རྩའི་ཆ་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་བྱུང་བ་དང་། རང་སྐྱོང་ཁུལ་གྱི་འཕེལ་རྒྱས་བྱུང་རིམ་གྱི་ཐོག་ཏུ་གཏོང་ཤུགས་ཆེས་ཆེ་བ་དང་། ལས་གཞིའི་འཛུགས་སྐྲུན་ཆེས་མང་བ། རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཆེས་མགྱོགས་པ། འཕེལ་རྒྱས་ཀྱི་སྤུས་ཚད་ཕན་འབྲས་ཆེས་ལེགས་པ། མང་ཚོགས་ལ་ཐོབ་པའི་ཚོར་སེམས་ཆེས་ཆེ་བའི་དུས་སྐབས་བཅས་བསྐྲུན་པ་ནི་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ས་ཁུལ་ལ་མཐོང་ཆེན་བྱས་པའི་འབྲས་བུའང་ཡིན་པ་རེད།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དུས་རིམ་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པའི་འགག་སྒྲོལ་གྱི་དུས་སྐབས་ཡིན་ལ། ཕྱོགས་ཡོངས་ནས་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་གཏོང་བར་ཆོད་སེམས་འབུལ་བའི་དུས་རིམ་ཡང་ཡིན་པ་རེད། ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་རྣམ་པས་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ལ་དྲིལ་བསྒྲགས་ཡག་པོ་བྱ་རྒྱུའི་རེ་བ་དང་རང་ཁུལ་གྱི་དམིགས་ཡུལ་གཅིག་དང་འགག་རྩ་གཉིས། དོན་ཆེན་གསུམ། འཐབ་ཇུས་ཆེན་པོ་དྲུག་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་སྒྲོག་འགྲེལ་ཡག་པོ་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། མཛེས་སྡུག་དང་སྐྱེ་ཁམས་འཆམ་མཐུན་གྱི་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས། ཁྱད་པར་དུ་དགོན་སྡེའི་གྲྭ་བཙུན་གྱི་ཐུམ་འབུ་ནད་འགོག་བཅོས་བྱ་རྒྱུའི་སྐོར་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲྭ་བཙུན་རྣམས་ཐུམ་འབུ་ནད་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་བྱ་སྤྱོད་ནང་ཞུགས་པར་ཁྲིད་སྟོན་བྱ་དགོས།
ཡེ་ཤེས་ཟླ་བས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དོན་འཁྱོལ་ནན་པོ་བྱ་དགོས། དགོན་སྡེའི་ནང་དོ་དམ་ལ་རིགས་བགོས་ནས་ཚད་ལོན་རིམ་སྤར་དང་ཤུགས་ཆེན་པོས་དཔལ་ཡོན་དང་ཞི་མཐུན་གྱི་དགོན་པ་འཛུགས་སྐྱོང་བྱ་དགོས། ཁྲིམས་ལྟར་ཆོས་ལུགས་མི་སྣ་གསོ་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པར་ཁྲིད་སྟོན་བྱ་དགོས།