
རོང་བྲག་རྫོང་དུ་ལོ20རིང་བྱུང་མ་མྱོང་བའི་ཆུ་ལོག་བྱུང་ནས་རྫོང་ཡོངས་ཀྱི་གྲོང་སྡེ181ལ་ཆུ་ལོག་དང་འདམ་རུད་སོགས་ཀྱི་གནོད་སྐྱོན་ཐེབས་པ་རེད།ཉེ་བའི་ཟླ་གཅིག་རིང་ལ་སྦྲེལ་མཐུད་དུ་དྲག་ཆར་བབས་པའི་རྐྱེན་གྱིས་རོང་བྲག་རྫོང་གི་སྲིད་འཛིན་གྲོང་སྡེ181ལ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་ས་གཤིས་ཀྱི་གནོད་སྐྱོན་ཐེབས་པས།རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ4664དང་ཞིང་འབྲོག་དམངས་ཏང་ཡོན2600ལྷག་ཙམ་གནོད་འགོག་ཉེན་སེལ་གྱི་ལས་ཀ་ནང་ཞུགས་ནས་མི་སེར་ཉེན་མེད་བདེ་འཇགས་ཡོང་བར་ཁག་ཐེག་བྱས།མི་སེར་བཀོད་སྒྲིག་བྱ་ཡུལ་ཡིན་ནའང་འདྲ།གནོད་འགོག་ཉེན་སེལ་གྱི་ལས་གྲྭ་དང་པོ་ཡིན་ནའང་འདྲ།ཏང་ཡོན་ལས་བྱེད་པ་ཚོས་མི་སེར་སྣེ་ཁྲིད་བྱས་ནས་ཐོན་སྐྱེད་རང་སྐྱོབ་དང་གནོད་འགོག་གནོད་སེལ་བྱེད་སའི་ལས་གྲྭ་དང་པོར་མཆོངས་ནས་མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་མྱུར་སྐྱོབ་བྱས་པ་རེད།
གནོད་འགོག་གནོད་སེལ་བྱེད་མཁན་གྱི་སྣེ་ཁྲིད་པ་ཡོད་དུས་མང་ཚོགས་བློ་སེམས་བདེ།
ཟླ་བ7པའི་ཚེས9ཉིན་གྱི་མཚན་མོར་དྲག་ཆར་བབས་པས།ཚེས10ཉིན་གྱི་སྔ་མོར་རོང་བྲག་རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་ཀོང་ཞིའུ་ལ་སོག་པོ་ཤང་དུ་འདམ་རྡོ་ཆུ་རུད་ཡོང་ནས་གཞུང་ལམ་གྱི་ལམ་གཞི་སྨི50ལྷག་ལ་གཏོར་བཤིག་ཐེབས་སོང་ཞེས་པའི་ཁ་པར་ཐོན།མོས་ལང་སང་གནོད་སྐྱོན་ཐེབས་ཡུལ་དུ་ཕྱིན་ནས་གནོད་འགོག་གནོད་སེལ་གྱི་ལས་ཀར་ཁྲིད་སྟོན་བྱས།སོག་པོ་ཤང་གི་ཨ་མདའ་གྲོང་སྡེའི་གཞུང་ལམ་འདམ་རྡོ་ཆུ་རུད་ཀྱིས་དེད་པ་ནས་རྒུད་སྐྱོབ་སྦྲ་གུར་དང་རྒུད་སྐྱོབ་དངོས་རྫས་དུས་ཐོག་ཏུ་གནོད་སྐྱོན་ཐེབས་པའི་མང་ཚོགས་ཀྱི་ལག་ནང་དུ་སྐྱེལ་བར་འགོག་རྐྱེན་བཟོས་པ་རེད།གནས་ཚུལ་དེ་ཤེས་རྗེས་མོས་ལམ་སང་རྐོ་འདྲུའི་འཕྲུལ་འཁོར་ཞིག་སྔོན་དུ་བཏང་ནས་ལམ་ཞིག་གཤོང་བཅུག་པས་མ་ཚད།ད་དུང་སྣེ་ཁྲིད་དེ་གནོད་སྐྱོབ་དངོས་ཟོག་ཁུར་ནས་གནོན་སྐྱོན་ཐེབས་ཡུལ་དུ་སྐྱོད་པའི་སྐབས་སུ་ལམ་ངོས་ཆད་དེ་མོ་འདམ་རྡོ་ཆུ་རུད་ནང་ནུབ་པ་རེད། ལས་བྱེད་པ་དང་མང་ཚོགས་ཀྱིས་ལམ་སང་མྱུར་སྐྱོབ་བྱས་ཕྱིར་ཙེང་ཀོང་ཞིའུ་བསྐྱབས་ཏེ་སྨན་ཁང་དུ་སྐྱེལ། སྟབས་ལེགས་པ་ཞིག་ལ་མོའི་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།རོང་བྲག་རྫོང་གི་གུང་ཁྲན་ཏང་ཡོན4664ཡིས་གནོད་འགོག་གནོད་སེལ་གྱི་ལས་གྲྭ་དང་པོར་འབད་འཐབ་བྱས་པའི་དབང་གིས་སྲིད་འཛིན་གྲོང་སྡེ181གི་གནོད་སྐྱོབ་ལས་ཀ་གོ་རིམ་ཡོད་ཅིང་ལས་ཕྱོད་ཆེ་བའི་སྒོ་ནས་སྤེལ་ཞིང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་པ་དང་གནོད་སྐྱོབ་དངོས་རྫས་དུས་ཐོག་ཏུ་གནོད་ཐེབས་མང་ཚོགས་ཀྱི་ལག་ནང་འཕྲོད་ཐུབ་ཡོད་རེད།
ལས་བྱེད་པ་དང་མང་ཚོགས་སེམས་ཤུགས་བསྒྲིམས་ནས་གནོད་འགོག་གནོད་སེལ་བྱས། ཟླ་བ7པའི་ཚེས5ཉིན་བལ་རི་ཤང་གདོང་གླིང་གྲོང་སྡེའི་ཆུ་གཉིས་ཁའི་ཟམ་ཆེན་ཆུ་ལོག་གི་དེད་པས་སློབ་ཆུང་སློབ་མ་སློབ་གྲྭ་གྲོལ་རྗེས་ཁྱིམ་དུ་ཕྱིར་ལོག་མི་ཐུབ་པའི་གནས་ཚུལ་ཤེས་རྗེས།བལ་རི་ཤང་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་པས་ལམ་སང་སློབ་མའི་དཔེ་ཁུག་ཁུར་ཏེ་སློབ་ཆུང་སློབ་མ་ཁྲིད་དེ་གདོང་གླིང་གྲོང་སྡེར་བསྐྱལ་བ་རེད། སྤྲོ་སྣང་ཤང་དུ་གནོད་སྐྱོན་ཚབས་ཆེན་ཐེབས་པའི་སྤང་གསེང་ལུང་གྲོང་སྡེ་དང་ཧ་དགོད་ཡུལ་གྲོང་སྡེ་རུ་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཁྲིད་སྟོན་བྱས་འོག གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་རྣམ་གཉིས་ཀྱིས་གྲོང་སྡེ་ཡོངས་ཀྱི་མང་ཚོགས་སྣེ་ཁྲིད་ནས་དུས་ཐོག་ཏུ་གྲོང་སྡེའི་གཞུང་ལམ་ལས་ནས་འགྲིམ་འགྲུལ་ཉམས་གསོ་བྱས་པ་རེད། སོག་པོ་ཤང་གི་ལོང་དྲོང་དང་སྒང་འབུར་།ཏུང་ཧྥུང་།འབོ་ལུང་སོགས་གྲོང་སྡེ་བཞིའི་གྲོང་མི་ཚོ་ཤང་གི་ལས་བྱེད་པས་སྣེ་ཁྲིད་འོག་གནོད་སྐྱོབ་ལས་ཀར་ཞུགས་པ་རེད།ཏུང་ཧྥུང་ཤང་གིས་གནོད་སྐྱོན་ཐེབས་པ་ཉིན་གྱི་དགོང་མོར་མི་སྣ་སྒྲིག་འཛུགས་བྱས་ནས་ཆུ་ལམ་བཤངས་ནས་ཞིང་པའི་དུད་ཚང38ཡི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་བདེ་འཇགས་ཡོང་བར་འགན་སྲུང་བྱས། གནོད་སྐྱོན་གྱི་མདུན་དུ་གུང་ཁྲན་ཏང་མིས་མང་ཚོགས་སྣེ་ཁྲིད་དེ་གནོད་འགོག་གནོད་སེལ་དང་ཐོན་སྐྱེད་རང་སྐྱོབ་ཀྱི་ལས་ཀའི་ནང་ཧུར་ཐག་ཞུགས་ཏེ་འདམ་རྡོ་ཆུ་རུད་ཁྲོད་དུ་གཅིག་རྗེས་གཉིས་མཐུད་ཀྱིས་འགྲོ་ལམ་རེ་རེ་བཞིན་གསར་དུ་བཏོད་པས་མིག་སྔའི་བར་དུ་སླེབས་དུས་ཆུ་ལོག་ནང་མི་ཤི་བའི་གནས་ཚུལ་བྱུང་མེད་པ་རེད།