ཉེ་ཆར། དཔལ་ཡུལ་རྫོང་གིས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བྱེད་ཐབས་བཞི་སྤྱད་དེ་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་རེད།
དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།
ཁྲེང་ཏུའུ་གྲོང་ཁྱེར་དུ་ཡུལ་སྐོར་ངོ་སྤྲོད་མཚམས་སྦྱོར་ཚོགས་འདུ་འཚོགས་ཤིང་འདྲི་རྩད་བྱེད་ས་བཙུགས་པ་དང་། ཅིན་ལི་སོགས་ལྗོངས་གནས་སུ་དཔལ་ཡུལ་གྱི་ཡུལ་ལྗོངས་མཚོན་པའི་འགྲེམ་སྟོན་པང་ལེབ་བཤམས་ཤིང་ལྟ་སྙིང་སྤྲོ་བའི་ཡུལ་སྐོར་དྲིལ་བསྒྲགས་ལག་དེབ་བཀྲམ་པར་མ་ཟད། ཡུལ་དངོས་སུ་འབྲེལ་ཡོད་ཀྱི་གནད་དོན་ལ་དྲིས་ལན་བཏབ་པ་རེད། སྒོར་ཁྲི300ལྷག་བཏང་ནས་ཁམས་པའི་ཁང་ཕྱིའི་ཞིང་ཁམས་ཏེ་ཚ་ཆེན་སུམ་མདོའི་རྒྱལ་ཡོངས་ཀྱི་པར་ལེན་འགྲན་བསྡུར་དང་ཐེངས་དང་པོའི་དཔལ་ཡུལ་གྱི་ཁམས་པའི་གདོད་མའི་སྐོར་བྲོ་དུས་ཆེན་སྒྲུབ་གཉེར་བྱས་ནས་དཔལ་ཡུལ་རྫོང་གི་ཡུལ་སྐོར་ཧྲིལ་པོའི་སྣང་གཟུགས་ཇེ་ཡག་ཏུ་བཏང་བ་རེད།
ཞབས་ཞུ་བྱེད་ཤུགས་ཆེ་རུ་བཏང་བ།
གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གློག་སྒྲིག་ཆས་སྲུང་གསོ་དང་ཚོང་ལས་དངུལ་ཁང་གི་འགན་སྲུང་ཞབས་ཞུ། ཁོར་ཡུག་འཕྲོད་བསྟེན་གྱི་ཕྱོགས་འདུས་བཅོས་སྐྱོང་སོགས་ཀྱི་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་བར་མ་ཟད། ཉེན་རྟོག་ནུས་ཤུགས་གཅིག་སྒྲིལ་བྱས་ནས་གལ་ཆེ་བའི་བྱེད་སྒོ་སྤེལ་ཡུལ་དང་ལམ་ངོས་གཙོ་བོ། ས་ཁོངས་གཙོ་བོ་བཅས་སུ་བདེ་འཇགས་སྐོར་སྐྱོད་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་པའི་འཚོ་བའི་དགོས་མཁོ་བསྐངས་གང་ཐུབ་བྱས་པ་རེད།
བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།
ཡུལ་སྐོར་བདེ་འཇགས་ཚོ་ཆུང་བཙུགས་པ་དང་། རྒྱལ་ས་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་། ཆུ་དོན། འགྲིམ་འགྲུལ། བདེ་འཇགས་དོ་དམ་སོགས་ཀྱི་ལས་ཁུངས་སྒྲིག་འཛུགས་བྱས་ནས་ལམ་དང་ཆུ་གཙོ་བོ་ཡོད་ས་དང་། ནམ་རྒྱུན་ས་ཆུ་ཤོར་བའི་བཅོས་སྐྱོང་བྱ་ཡུལ་སོགས་ཉེན་ཁ་ཆེ་བའི་ས་གནད་ཆུ་གནད་སོགས་སུ་ཞིབ་བཤེར་དག་བཅོས་བྱས་ཤིང་རྟགས་དང་མཚོན་བྱང་བཙུགས་པར་མ་ཟད་ལས་རེས་མི་སྣ་བཞག་པ་དང་། འགྲིམ་འགྲུལ་དོན་རྐྱེན་བྱུང་བར་སྔོན་འགོག་བྱས་ཏེ་འགྲུལ་པའི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱས་པ་རེད།
ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།
རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་བགོས་འགན་གཉེར་ཁུར་བའི་འགོ་ཁྲིད་ཀྱི་འགན་འཁྲི་དོན་ཐོག་འཁྱོལ་བ་དང་། བདེ་འཇགས་དང་སྨན་རྫས་དོ་དམ་ཅུས། ཡུལ་སྐོར་དང་བཟོ་ཚོང་སྡེ་ཁག་སྒྲིག་འཛུགས་བྱས་ཏེ་དུས་ཚོད་གཏན་འཁེལ་དང་གཏན་འཁེལ་མེད་པར་རྫོང་ཡོངས་ཀྱི་མགྲོན་ཁང་དང་ཟ་ཁང་། རིག་གནས་ཁྲོམ་ར་སོགས་སུ་ཕྱིན་ནས་ཚོང་གོང་གང་མོས་སྤར་བ་དང་དངོས་ཟོག་རྫུན་མ་དང་སྤུས་ཞན་འཚོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བར་མ་ཟད་ཐེར་འདོན་ཁ་པར་གཏོང་ས་བཙུགས་ནས་འགྲུལ་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྤྲོ་སྐྱིད་གཟའ་འཁོར་ནང་དུ་དཔལ་ཡུལ་རྫོང་གིས་ཡུལ་སྐོར་བ་མིའི་ཐེངས་གྲངས་ཁྲི425ལ་སྣེ་ལེན་བྱས་ཤིང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི446རག་པ་རེད།།