ཟླ་བ10པའི་ཚེས15ཉིན། ཕྱོགས་ཡོངས་ནས་ཀྲུང་དབྱང་གི་ཁྲིམས་ལྟར་བོད་སྐྱོང་འཐབ་ཇུས་དང་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྔར་ལྷག་གིས་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་ཞིང་ལག་སྦྲེལ་མཉམ་ལས་བྱེད་པ། འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། འཆམ་མཐུན་མཉམ་སྐྲུན་བཅས་བྱས་ཏེ་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་ས་མཚམས་འབྲེལ་ཁུལ་གྱི་སྤྱི་ཚོགས་གནས་བབ་རྒྱུན་མཐུད་བརྟན་ལྷིང་དང་ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་འགན་ལེན་ཡོང་ཆེད། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཁྲིམས་ལྟར་བོད་སྐྱོང་དང་འཆམ་མཐུན་མཉམ་སྐྲུན་གྱིས་བརྗོད་བྱ་གཙོ་བོར་བྱས་པའི་མཐུན་སྦྱོར་གྲོས་ཚོགས་ཕྱག་ཕྲེང་རྫོང་དུ་འཚོགས་པ་རེད།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སི་ཐར་དང་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་འཛིན་པ་ཅིན་ཀྲི་ཀུའོ། སྤྱི་བདེ་པུའུ་ཡི་ཅུས་དང་པོའི་ཆབ་སྲིད་ཨུ་ཡོན་དབྱིན་ཀྲི་ཐེན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ། ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཀྲང་ཏུང་ཧྲེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་བཅས་གྲོས་ཚོགས་སུ་ཞུགས་ཡོད། ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་པ་གཞོན་པ་དང་སྤྱི་བདེ་ཐིང་གི་འགོ་འཛིན་པ་ཏེང་ཡུང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།
བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་ལིའུ་ཁྲེང་མིང་། ལིའུ་ཙུའོ་མིང་། ཝུའུ་ཡུས་ཀྲང་། ཡེ་ཤེས་ཟླ་བ་སོགས་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།
ཚོགས་ཐོག་སི་ཐར་གྱིས་གསུང་བཤད་གལ་ཆེན་གནང་བ་དང་། དབྱིན་ཀྲི་ཐེན་གྱིས་མཉམ་ལས་ལམ་སྲོལ་གསར་གཏོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་ཐད་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་བསམ་འཆར་དང་གྲོས་འགོ་བཏོན་ཞིང་། ཚུའེ་པའོ་ཧྭས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས་གསུང་བཤད་གནང་བ་རེད།
སི་ཐར་གྱིས་བསྟན་དོན། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་སྔར་ལྷག་གིས་མཉམ་ལས་ཟབ་སྤེལ་གཏོང་བ་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཤུགས་མཉམ་རྒྱག་བྱེད་པ། ཕྱོགས་གང་ཐད་ཀྱི་བློ་གྲོས་དང་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་ཞིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏང་རྒྱུའི་འགོ་འཛུགས་ས་དང་དོན་ལ་བབས་སར་གཞག་དགོས། ལྷག་པར་དུ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱོད་གཙང་རུལ་འགོག་ལས་ཀར་ཤུགས་སྣོན་རྒྱག་ཅིང་། ཐོག་མཐའ་བར་གསུམ་དུ་དམངས་འཚོར་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པོའི་གནས་སུ་བཞག་སྟེ། ཏང་གིས་བོད་ཁུལ་ལས་ཀར་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་ཧུར་ཐག་བྱ་དགོས།
ལིའུ་ཁྲེང་མིང་གིས་ཚོགས་ཐོག་རང་ཁུལ་གྱིས་ཀྲུང་དབྱང་གི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་ཁྲིམས་ལྟར་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཐད་བསམ་འཆར་བརྗེ་རེས་དང་གསུང་བཤད་གནང་བར་མ་ཟད། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་མཉམ་ལས་མཉམ་སྐྲུན་བྱ་རྒྱུའི་སྐོར་དོན་ཚན་བཅུའི་གྲོས་གཞི་བཏོན་པ་རེད།།