ཉག་རོང་རྫོང་གི་དགེ་རྒན་གསར་པ38ཀྱིས་སློབ་ཁྲིད་སྔོན་གྱི་གསོ་སྦྱོང་དང་ལེན་བྱས།

དངོས་གྲུབ་སྒྲོལ་མས་བསྒྱུར།        2015-09-06

ཟླ་བ8པའི་ཚེས21ནས་ཚེས23ཉིན་གྱི་བར། དབྱི་པིང་གི་ཉག་རོང་རྫོང་ལ་རོགས་སྐྱོར་བྱེད་མཁན་བོད་སྐྱོར་ལས་སྒྲུབ་རུ་ཁག་གི་དགེ་རྒན10ཡིས་སྔ་སྣུར་དུ་དབྱར་ཁའི་གུང་གསེང་མཇུག་བསྒྲིལ་ནས། ཉག་རོང་རྫོང་གི་ད་ལོར་གསར་དུ་རྒྱུགས་འཕྲོད་པའི་བོད་རིགས་དགེ་རྒན38ལ་སློབ་ཁྲིད་སྔོན་གྱི་གསོ་སྦྱོང་བྱས་པ་རེད།སྔར་ནས་ད་བར། ཕྱོགས་མང་པོའི་ཐད་ཀྱི་ཤུགས་རྐྱེན་འདྲ་མིན་གྱི་ཚོད་འཛིན་ཐེབས་པས་བོད་ཁུལ་གྱི་དགེ་རྒན་བྱུང་ཁུངས་མང་པོ་ཡོད་རུང་།རྒྱུགས་འཕྲོད་མཁན་གྱི་དགེ་རྒན་གསར་པ་འགའ་ཤས་ལ་ཐ་ན་ཆེད་ལས་ཀྱི་དགེ་འོས་གསོ་སྦྱོང་ཡང་བྱས་མྱོང་མེད་པར་བརྟེན།བོད་ཁུལ་གྱི་དགེ་རྒན་ཚོའི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་སློབ་གསོའི་སློབ་ཁྲིད་ཀྱི་འཇོན་ནུས་མཐོ་རུ་གཏང་རྒྱུ་ནི་དེང་སྐབས་བོད་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏང་རྒྱུའི་ཐད་འཕྲལ་དུ་ཐག་གཅོད་བྱ་དགོས་པའི་འགག་གནད་ཅིག་རེད།དབྱི་པིང་གི་ཉག་རོང་རྫོང་ལ་རོགས་སྐྱོར་བྱེད་མཁན་གྱི་བོད་སྐྱོར་ལས་སྒྲུབ་རུ་ཁག་གི་སློབ་གསོ་ཚོ་ཆུང་གིས་གནས་ཚུལ་འདི་ཤེས་རྗེས། རང་འགུལ་གྱིས་དབྱར་ཁའི་གུང་གསེང་སྐབས་ཀྱི་ངལ་གསོ་དུས་ཚོད་བསྐྱུར་ནས། སྔ་སྣུར་དུ་ཉག་རོང་རྫོང་སློབ་འབྲིང་ལ་ལོག་སྟེ། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་མོ་ཡོད་ལ།སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་དབྱི་པིང་གྲོང་ཁྱེར་གྱི་སློབ་འབྲིང་བཅུ་པའི་སློབ་གཙོ་གཞོན་པ་ལིའུ་ཧུང་དང་ཁྲང་ཉིང་རྫོང་ཐའོ་ཕིང་ཤང་འོས་འགན་སློབ་གསོ་སློབ་གྲྭའི་སློབ་གཙོ་གཞོན་པ་ལིན་ཞུའེ་ལི། ཀུང་རྫོང་ཞའོ་ཨེར་སློབ་འབྲིང་གི་སློབ་སྟོན་ཀྲུའུ་རེན་ཡོན་ཏེ་ཀང་སོགས་དགེ་རྒན་གསུམ་ལས་གྲུབ་པའི་གསོ་སྦྱོང་ལས་སྒྲུབ་ཚོ་ཆུང་གིས་གསོ་སྦྱོང་བྱས་པ་རེད། བོད་སྐྱོར་དགེ་རྒན་གསུམ་གྱིས་སློབ་ཚན་གསར་པའི་འདུ་ཤེས་ལ་བརྟེན་ནས་བོད་ཁུལ་གྱི་སློབ་གསོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་མོ་བློ་ཡིས་གསོ་སྦྱོང་ཆེད་དོན་བདམས་མཐར།ཁག་བགོས་ནས《བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་ཕན་ནུས་མཐོ་བའི་སློབ་ཁྲིད་འཛུགས་སྐྱོང་གི་བསམ་གཞིགས》དང《སློབ་ཁྲིད་ཉན་སྟངས་དང་དཔྱད་འཇོག་བྱེད་སྟངས》།《རྒྱུགས་ཡིག་དང་རྒྱུགས་ཤོག་བཟོ་སྟངས》སོགས་ཀྱིས་བརྗོད་དོན་གཙོ་བོ་བྱས་ཏེ་ཆེད་དོན་འཆད་ཁྲིད་བྱས་ཡོད། སློབ་ཁང་ནང་གི་སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག སློབ་ཁྲིད་གདེང་འཇོག་བཅས་ཕྱོགས་གསུམ་ལ་གཏིང་ཟབ་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ་བོད་རིགས་དགེ་རྒན་གསར་པ38ལ་སློབ་གསོ་ཡག་པོ་ཞིག་ཐེབས་བཅུག་པ་རེད།། 
  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གི་རྒྱ་བོད་སྨན་ལས་ལ་གཏོར་བརྒལ་གསར་པ་བྱུང་།
  • ལེ་ཚན་རྗེས་མ།:བརྒྱལ་ཟིལ་རྫོང་གིས་ཁྲལ་དོན་སྡེ་ཚན་དང་དངུལ་ཁང་བར་མཉམ་ལས་བྱས་ནས་ཁེ་ལས་ཆུང་གྲས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས།
  • དོ་སྣང་ཆེ་བའི་རྩོམ།