འཕེལ་རྒྱས་ཀྱི་དཔྱིད་དཔལ་བསུ།འབྱོར་འབྲིང་གི་ལམ་དུ་སྐྱོད།ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་ཚུགས་པའི་ཟུར་བྲིས།
ཐུབ་བསྟན་དང་མིག་དམར། མཁས་གྲུབ། དངོས་གྲུབ་བཅས་ཀྱིས། 2016-01-14
ཟླ་བ་དང་པོའི་ཚེས13ཉིན་གྱི་སྔ་དྲོར་དར་མདོའི་གནམ་གཤིས་གྱུར་ནས་གྲང་ངར་ཧ་ཅང་ཆེ་ཡང་དར་མདོའི་ཟློས་གར་ཁང་དུ་དྲོད་ལམ་ལམ་གྱིས་ཁེངས་ཀྱི་ཡོད། གང་རེད་ཅེ་ན་དེ་རིང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་ཚུགས་པའི་ཉིན་མོ་ཡིན་པས་རེད། ཕྱིའི་གྲང་ངར་གྱིས་འཐུས་མི་ཚོའི་སེམས་སུ་མི་དམངས་ཀྱི་མངག་བཅོལ་དྲོན་མོར་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མ་ཐུབ་པ་དེ་འཐུས་མི་ཚོའི་ཡིད་ཆེས་ཀྱིས་ཁེངས་པའི་བཞིན་ཉམས་དང་སྤོབས་པས་ཡོངས་སུ་གང་བའི་གོམ་པའི་འདེགས་འཇོག་ལས་མཚོན་ནུས།ང་ཚོ་ནམ་རྒྱུན་གཞི་རིམ་དུ་ཡང་ཡང་ཕྱིན་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་མང་ཚོགས་ཀྱི་སར་སླེབས་མི་ཐུབ་པའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གནད་ལ་སྨིན་པ་བྱས་ཏེ་རང་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བསམ་འཆར་དང་གྲོས་གཞི་མང་པོ་གྲ་སྒྲིག་བྱས་ཡོད། དུས་མཚུངས་སུ་ཞིང་འབྲོག་དམངས་ཚོས་གླེང་མང་བ་དང་ཁ་ཚ་དགོས་གཏུག་གི་ཐག་གཅོད་བྱ་དགོས་པའི་གནད་དོན་མང་པོ་ཡང་ཁ་ཁོག་པས་མ་གསང་བ་དང་བློ་རྒྱུ་མས་མ་བསྐུང་པར་ཞུ་རྒྱུ་ཡིན་ཞེས་པའི་སྐད་ཆའི་ཐོག་ནས་འཐུས་མི་རྣམས་ཀྱིས་རང་གི་ཕྲག་ཐོག་ཡོད་པའི་རླབས་ཆེན་གྱི་འགན་འཁྲི་ལ་ངོ་གནོང་མི་དགོས་པ་ཡང་ཤེས་ཐུབ།ང་ཚོའི་མདུན་དུ་དཔལ་འབྱོར་གྱི་བསྡོམས་འབོར་ཉུང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་ཞིང་ཆུ་ཚད་དམའ་བ་དང་། འཕེལ་རྒྱས་དོ་སྙོམས་མིན་པའི་རང་ཁུལ་གྱི་གནས་ཚུལ་གཞི་རྩའི་ཐོག་ནས་ད་དུང་འཕོ་འགྱུར་བྱུང་མེད། ནང་སྐྱེའི་སྒུལ་ཤུགས་མི་འདང་བ། རྒྱུན་བསྲིངས་ནས་མ་དངུལ་འཇོག་མི་ཐུབ་པ། གློག་དང་གཏེར་ཁར་བརྟེན་ནས་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་པའི་འཕེལ་རྒྱས་ཀྱི་གནས་བབ་ད་དུང་གཞི་རྩའི་ཐོག་འཕོ་འགྱུར་བྱུང་མེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དལ་བ་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་བའི་ཐད་བུ་ལོན་མང་བ། མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་བཅས་མི་འདང་བའི་འཕེལ་རྒྱས་ཀྱི་གཅུ་འགག་ལས་གཞི་རྩའི་ཐོག་ནས་གྲོལ་མེད། དབུལ་ཕོངས་ཀྱི་འབོར་གྲངས་ཆེ་བ་དང་རྒྱ་ཆེ་བ། ཚད་ཆེ་བ། དབུལ་གྱུར་གྱི་རྒྱུ་རྐྱེན་མང་བ། ཡང་བསྐྱར་དབུལ་ཕོངས་སུ་འགྱུར་ཚད་མཐོ་བ་དང་། དབུལ་བྲལ་གནད་ལ་སྨིན་པའི་དཀའ་ངལ་ཆེ་བ་བཅས་ཀྱི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མི་འདང་ས་གཞི་རྩའི་ཐོག་ནས་འཕོ་འགྱུར་བྱུང་མེད་པ་སོགས་ཀྱི་གནས་ཚུལ་ད་དུང་ཡོད་པ་ཤེས་དགོས་ཞེས་མི་འདང་སར་ངོས་ལེན་འཛེམ་མེད་བྱས་པའི་ཐོག་ནས་ཁུལ་མི་དམངས་སྲིད་གཞུང་གིས་དངོས་ཐོག་བདེན་འཚོལ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་རང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་དབྱེ་ཞིབ་བྱས་ཡོད་པ་མཚོན་ཐུབ་ཅིང་། བྱ་གཞག་ཁག་ལ་གྲུབ་འབྲས་ཐོབ་ཀྱང་ཡིད་ཚིམ་ནས་མི་སྡོད་པ་དང་འགྲན་སློང་དང་དཀའ་ཚེགས་ལ་གདོང་གཏད་ཕོད་པ་ཡང་མཚོན་ཐུབ།མ་དངུལ་སྒོར་དུང་ཕྱུར80བཏང་ནས་ལོ་གསུམ་རིང་གི་འགྲིམ་འགྲུལ་འགག་སྒྲོལ་བྱ་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར10བཏང་ནས་རིག་ནུས་གློག་དྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱག་དགོས། མ་དངུལ་སྒོར་དུང་ཕྱུར13.5བཏང་ནས་དམངས་ཕན་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་དགོས། མ་དངུལ་སྒོར་དུང་ཕྱུར9.5བཏང་ནས་རིག་ནུས་ཅན་གྱི་དཀར་མཛེས་འཛུགས་སྐྲུན་བྱ་དགོས། མ་དངུལ་སྒོར་དུང་ཕྱུར11.7བཏང་ནས་སློབ་གསོ་དམིགས་སུ་བཀར་ནས་འཕེལ་རྒྱས་གཏང་རྒྱུ། མ་དངུལ་སྒོར་དུང་ཕྱུར4.7བཏང་ནས་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཛུགས་པར་ཤུགས་བསྣན་བརྒྱག་དགོས། མ་དངུལ་སྒོར་དུང་ཕྱུར3.5བཏང་ནས་དམངས་ཚོགས་ཀྱི་རིག་གནས་དང་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ། མ་དངུལ་སྒོར་དུང་ཕྱུར17.9བཏང་ནས་དར་མདོར་ས་འགུལ་བྱུང་རྗེས་ཀྱི་བསྐྱར་འཛུགས་ལས་ཀ་དོན་གཉེར་ཆེན་པོས་སྐུལ་འདེད་གཏང་དགོས། ཚོང་པ་དང་མ་རྩ་ནང་འདྲེན་ཐད་སྒོར་དུང་ཕྱུར110ཡོང་ཐུབ་པར་བྱ་རྒྱུ་སོགས་མཐོང་ན་དགའ་འོས་ཤིང་ཐོས་ན་ཡིད་སྤྲོ་བའི་གྲངས་ཀ་རེ་རེའི་ནང་ནས་སྲིད་ཞུའི་སྤོབས་པ་དང་ངར་ཤུགས་ཡོངས་སུ་མངོན།ང་ཚོས་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་དམ་པོར་བཅངས་ནས་འཕེལ་རྒྱས་ཀྱི་དཔྱིད་དཔལ་བསུ་བ་དང་འབྱོར་འབྲིང་གི་ལམ་དུ་བསྐྱོད་དགོས་སོ།།