འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་ཆེད་ཐབས་འདོན་ཇུས་འདོན་བྱེད།

ཐུབ་བསྟན་དང་མཁས་གྲུབ། དངོས་གྲུབ་ཀྱིས།        2016-01-13

ཟླ་བ་དང་པོའི་ཚེས12ཉིན་གྱི་སྔ་དྲོར། དར་མདོའི་ཟློས་གར་ཁང་དུ་བབ་བརླིང་གི་ཁོར་ཡུག་འོག་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད། མི་དམངས་ཚོགས་པ་དང་མི་རིགས་ཁག་གི་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན231གིས་སྤྱི་ཚོགས་ལས་རིགས་ཁག་གི་མངགས་བཅོལ་གལ་ཆེན་དང་ལེན་བྱས་ཏེ་ཡིད་ཆེས་དང་སྤོབས་པ་ཆེན་པོའི་ངང་ཚོགས་རའི་ཕྱོགས་སུ་གོམ་ཁ་བསྒྱུར་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཐུན་མོང་ངང་འཕེལ་རྒྱས་ཀྱི་ཇུས་ཆེན་དང་བཅོས་བསྒྱུར་གྱི་ཐབས་བཟང་གླེང་བ་རེད།2015ལོར་ཁུལ་ཨུའི་ཡང་དག་པའི་འགོ་ཁྲིད་འོག ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་ཁོང་དུ་ཆུད་པར་བྱས་ཤིང་འགན་ནུས་ཆེན་པོ་གསུམ་ལ་དམ་དུ་འབྲེལ་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཤིང་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་སྤྱི་ཡོངས་ལ་གཞིགས་ནས་བློ་རིག་དང་ནུས་པ་གོང་སྒྲིལ་དང་འགན་འཁྲི་ནན་སྒྲུབ་བྱས་ཏེ་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ཁག་བདེ་བླག་ངང་གྲུབ་ཡོད།2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་ཚུགས་པའི་ལོ་ཡིན་ལ། སྲིད་འབྱོར་རིག་གསུམ་དང་། སྤྱི་ཚོགས་བྱ་གཞག སྐྱེ་ཁམས་འཛུགས་སྐྱོང་བཅས་ཀྱི་ཐད་ལ་གྲུབ་འབྲས་ཆེན་པོ་གཞག་དགོས་པའི་ལོ་ཞིག་ཡིན་ལ། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་གཏོང་བའི་ལོ་ཞིག་ཀྱང་ཡིན། ལོ་གསར་པར་ང་ཚོར་དམིགས་འབེན་གསར་པ་ཡོད་ལ་དམིགས་འབེན་དེ་འགྲུབ་པའི་ཡིད་ཆེས་གསར་པའང་ཡོད། ང་ཚོའི་མདུན་དུ་རེ་བ་ཡོད་ལ་འགྲན་སློང་ཆེན་པོ་ཡང་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ཐོག་དེ་བས་ཤུགས་སྣོན་བརྒྱག་དགོས་པ་བརྒྱད་ཀྱི་ཐོག་ནས2016ལོའི་སྲིད་གྲོས་ལས་ཀ་ཡག་པོ་བསྒྲུབ་དགོས་པ་བསྟན་ཡོད།དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ནི་མཐོ་འཛེགས་རྒྱང་ལྟ་དང་གྲུ་གཡོར་མྱུར་སྐྱོད། རྗེས་ཐོན་སྙེག་བརྒལ་གྱི་དུས་སྐབས་གསར་པ་ལ་བསླེབས་ཡོད་ལ། དུས་བབ་གསར་པར་འགན་འཁྲི་དང་འགན་ཁུར་ཕོད་པ་བྱ་དགོས་ལ། བྱ་གཞག་གསར་པ་བསྒྲུབ་པར་ཤེས་རབ་དང་ནུས་སྟོབས་མངོན་དུ་འཇུག་དགོས། ང་ཚོས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྲ་བརྟན་གྱི་དབུ་ཁྲིད་འོག་ཏུ་འགན་ཁུར་ཕོད་པ་དང་། འགན་ཁུར་བའི་སྤོབས་པ་ལྡན་པ། རང་ནུས་ལེགས་སྒྲུབ་བྱེད་པ། རང་འགན་ནན་སྒྲུབ་བཅས་བྱས་ཏེ་སྐབས་འདིའི་སྲིད་གྲོས་ཀྱི་ལས་ཀ་ཕུན་སུམ་ཚོགས་པའི་ངང་མཇུག་རྫོགས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་ལས་རྒྱལ་ཁ་རླབས་ཆེན་ཐོབ་པར་བརྩོན་ལེན་བྱེད་པ་དང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཀྱི་ལེའུ་གསར་པ་བྲི་ཐུབ་པའི་ཆེད་དུ་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ཚོགས་ཆེན་ཐོག་བཞག་པའི་དམ་བཅའ་ཁག་འགྲུབ་པར་ཁུལ་ཡོངས་ཀྱི་མང་ཚོགས་ཁྲི་བརྒྱ་ལྷག་ལ་ཞུམ་མེད་ཀྱི་སྙིང་སྟོབས་མཆིས་ལགས་སོ།། 
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་དེང་རབས་ཞིང་ལས་ཀྱི་སྤུས་ཀ་ཡག་ཏུ་བཏང་ནས་ཕན་འབྲས་ཇེ་མང་ཐོབ་པར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཁུལ་རྩྭ་ཐང་ས་ཚུགས་ཀྱི་གྲོང་སྡེར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་དང་པོས་དོན་དངོས་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།