ཟླ་བ11པའི་ཚེས12ཉིན་རང་ཁུལ་གྱིས་དར་མདོ་གྲོང་ཁྱེར་གྱི་འཛུགས་སྐྲུན་འཆར་འགོད་ལས་ཀའི་ཚོགས་འདུ་འཚོགས་པ་རེད། ལྷོ་ནུབ་ཇུས་འགོད་ཞིབ་འཇུག་ཁང་གིས་མདོ་གྲོང་གྲོང་རྡལ་གྱི་ལྷོ་རྒྱུད་ཀྱི་རྒྱལ་སྲུང་གཞུང་ལམ318ལམ་རྒྱུད་ཀྱི་བཟོ་བཅོས་དང་གནམ་གྲུ་ཐང་ལམ་རྒྱུད་ཀྱི་མཛེས་ལྗོངས་བཟོ་འགོད་ཇུས་གཞི་སྐོར་གྱི་ཆེད་དོན་སྙན་སེང་ཞུས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཁྲང་ཙེ་བཅས་ཀྱིས་སྙན་སེང་གསན་པས་མ་ཚད། ད་དུང་འཆར་འགོད་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཁུལ་ཨུའི་རྒྱུན་ཨུ། དར་མདོ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཐང་ཆང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་པ་རེད།
ལིའུ་ཁྲེང་མིང་གིས་བསྟན་དོན། དར་མདོ་གྲོང་ཁྱེར་ལ་འཆར་གཞི་བཟོ་འགོད་བྱེད་དུས་མཛེས་ལྗོངས་དང་བཟོ་སྐྲུན་རྣམ་པ། གཞུང་ལམ་རྒྱུད་ཀྱི་སྔོ་ཁེབས། དགའ་ཚལ། ལམ་རྒྱུད་ཀྱི་གློག་གསལ་སོགས་ལ་གཅིག་འགྱུར་བསམ་བློ་བཏང་ནས་བཟོ་སྐྲུན་གྱི་ཐད་ལ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་རིག་གནས་རྒྱུས་འཛིན་བྱ་རྒྱུར་བརྩི་འཇོག་བྱེད་ཅིང་། དར་མདོ་གྲོང་ཁྱེར་གྱི་ལོ་རྒྱུད་རིག་གནས་ཀྱི་གྲོང་མཁར་གྲགས་ཅན་དང་ཁྲོན་བོད་རིག་གནས་། ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་གནས་མཆོག མི་རིགས་ཀྱི་ཡུལ་སྲོལ་ལྡན་པའི་གྲོང་ཁྱེར་བཅས་མངོན་པར་བྱ་དགོས་ཤིང་། བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་མཛེས་ཤིང་ཡིད་དབང་འཕྲོག་པ། སྤྱོད་སྒོ་ཆེ་བ་བཅས་ལ་དོ་སྣང་བྱས་ཏེ། ཏན་ཏིག་གིས་གྲོང་ཁྱེར་གྱི་འཆར་འགོད་འཛུགས་སྐྲུན་གྱི་ལས་ཀ་ཁག་གཅིག་གྱུར་ལག་བསྟར་བྱས་ཤིང་། རྒྱུན་ཆད་མེད་པར་དར་མདོ་གྲོང་ཁྱེར་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་གཏང་དགོས།
ལི་ཁང་གིས་དར་མདོ་གྲོང་ཁྱེར་གྱི་འཆར་འགོད་བཟོ་འགོད་ནང་སྔར་ལྷག་གིས་དར་མདོ་གྲོང་ཁྱེར་གྱི་ཁྱད་ཆོས་མངོན་ཞིང་།དར་མདོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་རྒྱུ་ཆ་བསྲེས་འདྲེས་བྱས་ཤིང་། ལམ་རྒྱུད་ཀྱི་སྔོ་ཁེབས་ཉམས་གསོ་བྱས་པ་དང་ཟུང་འབྲེལ་བྱས་ནས་འཛུགས་སྐྲུན་འཆར་འགོད་ལས་ཀ་ཡག་མོ་བྱ་དགོས་ཞེས་གསུངས།
ལིའུ་ཁྲང་ཙེ་ཡིས་འཆར་འགོད་དོ་དམ་ལས་ཀའི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།།