ཁྱེད་རང་གང་དུ་ཡོད་ནའང་ངས་ཁྱེད་རྙེད་པར་བྱ་རྒྱུ་ཡིན།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-09-21

“སྤྱི་ཟླ9པའི་ཚེས5ཉིན། ང་རང་ས་འགུལ་ཁྲོད་དུ་རྡིབ་ཞབས་སོང་ནས་མི་མང་པོ་ཞིག་གིས་ང་བསྐྱབས་པ་རེད། སྐྱོབ་ཏུ་འོང་མཁན་གྱི་དཔུང་སྡེ་གང་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་མོད། དེའི་ཁྲོད་ཀྱི་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཞིག་གི་ཆ་འཕྲིན་གསལ་པོ་ཤེས་ཀྱི་མི་འདུག། གལ་ཏེ་ཁོ་འཚོལ་རྒྱུ་མ་ལོན་ན་ངའི་མི་ཚེ་འདིའི་ནང་གི་བློ་ཕམ་ཆེ་ཤོས་ཅིག་ཡིན་རྒྱུ་རེད།”

ལུའོ་ཞའོ་མེན་ནི་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་འགུལ་རིམ་པ6.8བྱུང་བའི་ཁྲོད་འབོ་ཞབས་གྲོང་རྡལ་གྱི་ཆེད་ལས་སྟོབས་ཤུགས་ཀྱིས་ཞིག་རོའི་ཁྲོད་ནས་བསྐྱབས་པའི་རྨས་མ་ཚན་པ་དང་པོ་དེ་རེད། ལུའོ་ཞའོ་མེན་བསྐྱབས་རྗེས་དཀར་མཛེས་མེ་ཟོན་དང་དཀར་མཛེས་ཆེད་འགན་འཁུར་མཁན་ཉེན་རྟོག། དུང་དཀར་ལུང་པའི་མ་དངུལ་གཏོང་འཇོག་སྤྱི་གཉེར་ཁང་། རྒྱང་སྐྱོད་མགྲོན་ཁང་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཆ་འཕྲིན་ཤེས་ཀྱང་རོགས་སྐྱོབ་ནང་ཞུགས་མཁན་གྱི་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཞིག་གི་ཆ་འཕྲིན་གཏན་ནས་ཤེས་ཀྱི་མེད། དེར་བརྟེན་ལུའོ་ཞའོ་མེན་བཟའ་ཟླ་གཉིས་ཀྱིས་དཀར་མཛེས་ཉིན་རེའི་ཚགས་པར་ཐོག་ཏུ་མི་འཚོལ་གསལ་བརྡ་འདི་བཀོད་པ་རེད།

སྤྱི་ཟླ9པའི་ཚེས5ཉིན། དུང་དཀར་ལུང་པ་ཏ་ཤའི་བརྙན་རིས་སྤྲོ་གསེང་གསོལ་མགྲོན་ཁང་གི་དཀྱིལ་ཚོམས་སྤྱི་གཉེར་བ་ལུའོ་ཞའོ་མེན་གྱིས་ཐོག་བརྩེགས་དང་པོའི་ལས་རོགས་ཚོར་གཙང་སྦྲ་བྱེད་པར་བཀོད་སྒྲིག་བྱས། ཆུ་ཚོད12དང་སྐར་མ52ཡི་ཐོག་ས་འགུལ་བྱུང་ནས་ཐོག་བརྩེགས་ལྔ་ཅན་གྱི་གསོལ་མགྲོན་ཁང་རྡིབ་པས་ཕྱིར་འབུད་རྩིས་བྱེད་བཞིན་པའི་ལུའོ་ཞའོ་མེན་སྒམ་གྱི་འོག་ཏུ་མནན། ལོ་ཞའོ་མེན་གྱིས་ལུས་པོའི་ཤེད་ལ་བརྟེན་ནས་ཕྱིར་ཐར་ཐབས་བྱས་མོད། རང་གི་མགོ་དང་རྐང་པ་སོགས་ཅ་ལག་གིས་མནན་པས་འགུལ་ཙམ་ཡང་བྱེད་ཐུབ་ཀྱི་མི་འདུག།

ལུའོ་ཞའོ་མེན་གྱིས་འགུལ་ཐུབ་པའི་ལག་གཡས་པ་གཅིག་པུས་ཁུག་མའི་ནང་གི་ལག་ཁྱེར་ཁ་པར་བླངས་ནས་ཕྱི་ལ་མྱུར་སྐྱོབ་བྱེད་ས་འོང་རྒྱུའི་བརྡ་གཏོང་བསམ་ཡང་།ཁ་པར་ལ་བརྡ་རྟགས་ཆད་ཟིན། དེའི་རྗེས་འཕྲོ་ལུས་ས་འགུལ་རྒྱུན་ཆད་མེད་པར་བྱུང་ནས་ལུའོ་ཞའོ་མེན་གྱི་མགོ་དང་སྐེ། རྐང་པ་བཅས་ལ་གནོན་ཤུགས་ཇེ་དྲག་ཏུ་ཕྱིན་ནས་དྲན་པ་བརྒྱལ།

གསོན་པའི་རེ་ཐག་ཆད་ལ་ཉེ་སྐབས། ཁོ་མོས་ཕྱི་རོལ་དུ་སྐད་ཅོར་ཆེན་པོ་རྒྱག་པ་ཐོས། “མེ་ཟོན་རུ་མི་སླེབས་བྱུང་། མེ་ཟོན་རུ་མི་སླེབས་བྱུང་།”ཞེས་དང་། “ཧའེ་ཐོའུ་རྨང་གཞིའི་སྒྲིག་བཀོད་མ་དངུལ་གཏོང་འཇོག་སྤྱི་གཉེར་ཁང་གི་རོགས་སྐྱོབ་རུ་ཁག་སླེབས་བྱུང་། ”“རྒྱང་སྐྱོད་མགྲོན་ཁང་གི་འཕྲལ་རྒོལ་རུ་ཁག་སླེབས་བྱུང་།” “ཆེད་འགན་འཁུར་མཁན་ཉེན་རྟོག་པ་སླེབས་བྱུང” “དྲག་ཆས་ཉེན་རྟོག་སླེབས་བྱུང” ཁོ་མོའི་ཁྱོ་ག་མའོ་ཅན་ཆང་གིས“ཁྱོད་ཚོས་ངེས་པར་དུ་ཁོ་མོའི་སྲོག་སྐྱོབ་རོགས། ཁོ་མོའི་སྲོག་སྐྱོབ་རོགས”ཞེས་བཤད། ཁོ་ཚོས་ཀྱང“སྤུན་ཟླ་ལགས་ང་ཚོར་ཡིད་ཆེས་བྱོས་དང་ཁོ་མོ་གང་དུ་ཡོད་ཀྱང་ང་ཚོས་ཁོ་མོ་བཙལ་ནས་སྐྱོབ་ཐུབ་པར་བྱ་རྒྱུ་ཡིན”ཞེས་ལན་བཏབ།

རོགས་སྐྱོབ་བྱེད་བཞིན་པའི་སྐབས་སུ་ལུའོ་ཞའོ་མེན་གྱིས་རྣ་ལམ་དུ“སྤུན་ཟླ་ལགས། སྐྲག་མི་དགོས། རྒྱུན་འཁྱོངས་དང་ང་ཚོས་ཁྱེད་སྐྱོབ་ཐུབ་ངེས་ཡིན”ཞེས་བཤད་པ་ཐོས། སྔོག་འདོན་དང་མིང་འབོད་རྒྱུན་མི་ཆད་པར་བྱས་པས་རིམ་གྱིས་འོད་སྣང་ཅིག་ཁོ་མོའི་མགོ་སྟེང་གི་བུ་ག་ཆུང་ཆུང་བརྒྱུད་ནས་ནང་དུ་འཕྲོས།

མགོ་སྟེང་གི་བུ་ག་ཇེ་ཆེ་ནས་ཇེ་ཆེར་གྱུར་ཞིང་། ལུའོ་ཞའོ་མེན་གྱིས་ན་ཟུག་བསྲན་ནས་མིག་གིས་བལྟས་པར་མའོ་ཅན་ཆང་དང་ཆ་རྒྱུས་མེད་པའི་ངོ་གདོང་མང་པོ་མཐོང་། དུས་ཚོད་དུམ་བུ་ཞིག་ལ་ཛ་དྲག་ཆེ་བའི་མྱུར་སྐྱོབ་བྱས་པ་བརྒྱུད་ཁོ་མོའི་རྐང་པར་གནོན་ཤུགས་གློ་བུར་དུ་མེད་པར་གྱུར་པ་དང་ལག་ཟུང་ཆེན་པོ་གཉིས་ཀྱིས་དཔུང་བར་བཟུང་ནས་ཡར་འཐེན་པ་དང་མི་ཚང་མས་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲས་ཁེངས་པས་རང་ཉིད་གཤིན་རྗེའི་འཕྲང་ནས་སྐྱོབ་ཐུབ་པ་ཤེས། ཁོ་མོས་མིག་ཆེན་པོ་བགྲད་ནས་རང་ཉིད་ཀྱི་ཚེ་སྲོག་བསྐྱབས་པའི་མི་སྣ་དེ་དག་གི་ངོ་གདོང་སེམས་ལ་ཉར་བར་འདོད་ཀྱང་མིག་ལ་རྨས་ཕོག་པའི་ཁར་ཞིག་རོའི་འོག་ཏུ་ཡུན་རིང་མནན་པས་ཉེ་འཁོར་གསལ་བོ་ཤིག་མཐོང་གི་མི་འདུག་མོད། གོས་ལི་མདོག་དང་ནག་པོ་གྱོན་པའི་ན་གཞོན་སྐོར་ཞིག་དང་དམག་ལྭ་གྱོན་པའི་མི་དག་མིག་ལམ་དུ་གསལ་ལ་མི་གསལ་བར་མངོན། ལུའོ་ཞའོ་མེན་འགྱོག་བྱམས་སྟེང་དུ་བཞག་ནས་ཉེན་རྟོག་པའི་རླངས་འཁོར་ནང་ནས་སྨན་ཁང་དུ་བསྐྱལ། མའོ་ཅན་ཆང་གིས་མྱུར་སྐྱོབ་བྱེད་མཁན་གྱི་མིང་གསལ་བོར་དྲིས་ནས་བཀའ་དྲིན་ཞུ་བསམ་སྐབས་ཁོ་ཚོ་ཉེན་སྐྱོབ་བྱེད་ས་གཞན་ཞིག་ཏུ་ཕྱིན་ཟིན།

སྤྱི་ཟླ9པའི་ཚེས5ཉིན་གྱི་མཚན་མོར། ལུའོ་ཞའོ་མེན་མྱུར་སྐྱོབ་རླངས་འཁོར་ནང་ནས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། ལུའོ་ཞའོ་མེན་གྱིས་ཕྱིས་སུ་རང་ཉིད་ཞིག་རོའི་འོག་ནས་ཆུ་ཚོད་བཞིའི་རིང་རྡིབ་ཞབས་ལྷག་པ་དང་རོགས་སྐྱོབ་རུ་མིས་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་ང་དྲུག་ཐོག་ཁོ་མོའི་སྲོག་བསྐྱབ་པ་ཤེས། ཉིན་དེར་ཏ་ཤའི་བརྙན་རིས་སྤྲོ་གསེང་གསོལ་མགྲོན་ཁང་གི་མི་ལྔ་མྱུར་སྐྱོབ་བྱས་པ་དང་མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

སྨན་ཁང་དུ་ལུའོ་ཞའོ་མེན་བཟའ་ཟླ་གཉིས་ཀྱིས་ཕྱོགས་མང་པོ་ནས་རྒྱུས་ལོན་བྱས་པར་བརྒྱུད། རང་ཉིད་སྐྱོབ་སར་ཡོང་མཁན་ནི་དུང་དཀར་ལུང་པ་མ་དངུལ་གཏོང་འཇོག་སྤྱི་གཉེར་ཁང་གི་འཕྲལ་སྒྲུབ་རུ་མི་དང་རྒྱང་སྐྱོད་མགྲོན་ཁང་གི་ན་གཞོན་འཕྲལ་སྒྲུབ་རུ་མི། ད་དུང་ཆེད་འགན་འཁུར་མཁན་ཉེན་རྟོག་རུ་མི་དང་མེ་ཟོན་རུ་མི་ཡང་ཡོད་པ་རེད། ཡིན་ཡང་དམག་ལྭ་གྱོན་པའི་མི་དེ་དྲག་ཆས་ཉེན་རྟོག་རུ་ཁག་གང་གི་རུ་མི་དང་ཁོ་གང་ནས་ཡིན་པ་དང་ཁོའི་མིང་ལ་ཅི་ཟེར་བ་གསལ་ཆ་མེད་པས་ལུའོ་ཞའོ་མེན་དང་མའོ་ཅན་ཆང་གིས་ཤེས་འདོད་ཤིན་ཏུ་ཆེ།

“ངའི་ཚེ་སྲོག་བསྐྱབས་པའི་མི་བུ་སེམས་བཟང་ཅན་པོ། ཁྱེད་རང་གང་དུ་ཡོད་ནའང་ངས་ཁྱེད་རྙེད་པར་བྱ་རྒྱུ་ཡིན” ཞེས་པའི་ལུའོ་ཞའོ་མེན་དང་བཟའ་ཟླ་གཉིས་ཀྱིས“མི་འཚོལ་གསལ་བརྡ”བཀྲམས་ནས་ཁོང་ལ་ཟོལ་མེད་ཀྱི་བཀའ་དྲིན་ཞུ་འདོད་པར་མ་ཟད་ཚང་མས་སྒྲོག་འགྲེམ་མང་ཙམ་བྱས་ནས་དྲག་ཆས་ཉེན་རྟོག་གི་འཐབ་འཛིང་པར“ལུའོ་ཞའོ་མེན་གྱིས་ཁྱེད་རང་བཙལ་གྱི་ཡོད་པ”ཤེས་སུ་འཇུག་རྒྱུའི་རེ་བ་ཆེན་པོ་འཆང་བཞིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཉམས་མྱོང་གླེང་བ།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ས་འགུལ་གྱི་རྨས་མར་འཚམས་འདྲི་དང་མང་ཚོགས་བར་བརྒལ་བཀོད་སྒྲིག་གི་ལས་ཀར་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10