ཝང་ཞའོ་ཧུའེ་ཡིས་གནོད་སྐྱོབ་ཆེད་དོན་ཚོགས་འདུའི་ཐོག་འདི་འདྲ་གསུངས།

ཡེ་མགོན་གྱིས་བསྒྱུར།        2022-09-20

ཝང་ཞའོ་ཧུའེ་ཡིས་གཙོ་སྐྱོང་གནང་ནས་ཞིང་ཆེན་ཏང་ཨུའི་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་ཁར་བྱུང་བའི་ས་འགུལ་གྱི་འགུལ་འགོག་གནོད་སྐྱོབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོག་སྐབས། 

     སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་བསྐྱར་དུ་བསྐྲུན་ཏེ་གནོད་འཚེ་ཐེབས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏང་དགོས་ཞེས་གསུངས། 

ཧོང་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་ཀྱང་གནང་།


     སྤྱི་ཟླ9པའི་ཚེས15ཉིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུའི་སྤྱི་ཟླ9པའི་ཚེས5ཉིན་ལྕགས་ཟམ་ཁར་བྱུང་བའི་ས་འགུལ་་གྱི་འགུལ་འགོག་གནོད་སྐྱོབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་ཇུས་འགོད་གནང་བ་རེད།

     ཝང་ཞའོ་ཧུའེ་ཡིས་མིག་སྔར་འགུལ་འགོག་གནོད་སྐྱོབ་ཀྱི་ལས་དོན་བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་ཐེབས་ཡུལ་གྱི་བསྐྱར་གསོ་བསྐྱར་སྐྲུན་གྱི་དུས་རིམ་གསར་པར་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པར་བསྐྱར་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་གཙོ་བོར་འཛིན་རྒྱུ་དང་དམངས་འཚོ་སྔོན་དུ་འཇོག་རྒྱུ་རྒྱུན་འཁྱོངས། སྐྱེ་ཁམས་སྲུང་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས། གསར་གཏོད་ལམ་སྲོལ་རྒྱུན་འཁྱོངས་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱས་ཏེ་གནོད་འཚེ་ཐེབས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད། 

     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། 

     ཚོགས་འདུའི་ཐོག་སྤྱི་ཟླ9པའི་ཚེས5ཉིན་བྱུང་བའི་ས་འགུལ་ཁྲོད་དུ་འགུལ་འགོག་རོགས་སྐྱོབ་དང་ས་འགུལ་གྱི་གནོད་འཚེའི་དཔྱད་དཔོག་བྱས་པའི་འཕེལ་རིམ། གནོད་འཚེ་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་སྐྲུན་ལས་དོན་བཅས་ཀྱི་སྤྱི་ཡོངས་ཀྱི་བསམ་གཞིག་དང་ཕྱིན་ཆད་ཀྱི་བཀོད་སྒྲིག་སྙན་སེང་ཞུས་པར་ཉན་འཇོག་བྱས་མཐར། ཉེན་སེལ་རོགས་སྐྱོབ་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། སི་ཁྲོན་ལ་རྒྱབ་སྐྱོར་ཤུགས་ཆེན་དང་གཞན་ཕན་ལྷག་བསམ་བཅངས་ནས་རོགས་སྐྱོར་བྱེད་དུ་འོང་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། སྤུན་ཟླའི་ཞིང་ཆེན།(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དེ་བཞིན་དུ་སྤྱི་ཚོགས་ལས་རིགས་ཁག་དང་ཕྱོགས་སོ་སོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

     ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ལྕགས་ཟམ་ཁ་ལ་བྱུང་བའི་ས་འགུལ་གནོད་འཚེ་ཐེབས་ཁུལ་གྱི་ས་གཤིས་ཁྱད་ཆོས་དང་སྐྱེ་ཁམས་ཆགས་ས།དཔལ་འབྱོར་དང་དམངས་འཚོ། རིག་གནས་ས་ཁམས་བཅས་དམིགས་བསལ་ཡིན་པར་བརྟེན།བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་དེ་བས་དཀའ་སྤྱད་འབད་བརྩོན་བྱ་དགོས་ཀྱི་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་དང་ལྷག་པར་དུ་གནོད་འཚེ་ཐེབས་པའི་གྲོང་ཁྱེར(ཁུལ)དང་རྫོང་གིས་གྲོང་ཡུལ་གྱི་སྡོད་ཁང་བསྐྱར་སྐྲུན་དང་།སྤྱི་པའི་ཞབས་ཞུའི་བསྐྱར་སྐྲུན།རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན།ས་གཤིས་གནོད་འཚེ་འགོག་བཅོས།མཛེས་ལྗོངས་ཁུལ་སླར་གསོ།སྐྱེ་ཁམས་ཉམས་གསོ།ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ་གནོད་འཚེ་ཐེབས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་ཅི་མགྱོགས་གང་མགྱོགས་ཀྱིས་སླར་གསོ་བྱས་ནས་གནོད་འཚེ་ཐེབས་ཁུལ་འདི་ཉིད་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོ་བའི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་བྱེད་གང་ཐུབ་བྱ་དགོས། 

     ཚོགས་འདུའི་ཐོག་བསྟན་དོན། མང་ཚོགས་བར་བརྒལ་བཀོད་སྒྲིག་ཡག་པོ་བྱ་དགོས། གནོད་འཚེ་ཐེབས་ཁུལ་འདི་མཐོ་སྒང་དུ་ཆགས་པ་དང་དགུན་དུས་སུ་གྲང་ངར་ཆེ་བར་བསམ་གཞིག་བྱས་ཏེ་གཉེན་ཉེར་བརྟེན་པ་དང་ཁང་པ་གླས་པ་སོགས་ཀྱི་བྱེད་ཐབས་ཅི་གང་ཐུབ་སྤྱད་ནས་གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་བྱ་དགོས། གཅིག་སྡུད་ཀྱིས་བཀོད་སྒྲིག་བྱེད་པར“ཉེན་གཡོལ་གསུམ”གྱི་རྩ་དོན་རྒྱུན་འཁྱོངས་ནས་བཀོད་སྒྲིག་བྱ་ཡུལ་བདམས་ཏེ་ཉེན་མེད་ཡོང་བར་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་སྡེ་ཁུལ་གྱི་དོ་དམ་ནང་འཇོག་པ། ཞབས་ཞུ་དང་ལེ་ལག་ཚང་སྒྲིག་བྱས་ནས་གནོད་འཚེ་ཐེབས་པའི་མང་ཚོགས་སེམས་འཇགས་ནས་སྡོད་ཆོག་པ་དང་ཉེན་ཁ་མེད་པར་སྡོད་ཆོག་པར་འགན་ལེན་བྱ་དགོས། གནོད་འཚེ་ཐེབས་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་བྱེད་པ་དང་གྲང་འགོག་དྲོད་སྲུང་གི་དངོས་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་ཐེབས་པའི་མང་ཚོགས་བདེ་དྲོད་ངང་དགུན་བརྒལ་ཐུབ་པར་འགན་ལེན་བྱ་དགོས། རིམ་པ་ཁག་དང་རིགས་སྣ་ཚོགས་ཀྱི་གནོད་སེལ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

     ཚོགས་འདུའི་ཐོག་བསྟན་དོན། གནོད་འཚེའི་གྱོང་གུན་དཔྱད་དཔོག་ཁྱོན་ཡོངས་དང་གནད་དུ་སྨིན་པར་བྱ་དགོས། དངོས་ཐོག་བདེན་འཚོལ་བརྒྱུན་འཁྱོངས་ནས་གནོད་འཚེ་ཐེབས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ། གྲོང་ཡུལ་གྱི་སྡོད་ཁང་། སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གྱོང་གུན་ཐེབས་ཚུལ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་གནོད་འཚེ་ཐེབས་པའི་གྲངས་གཞིའི་གནད་སྨིན་རང་བཞིན་དང་ཚན་རིག་རང་བཞིན་མཐོ་རུ་ཏན་ཏིག་བཏང་སྟེ་ཕྱིན་ཆད་ཀྱི་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་དགོས། གནོད་འཚེ་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མི་རིགས་རིག་གནས་རྒྱུན་འཛིན་བཅས་དང་ཟུང་འབྲེལ་བྱས་ནས་བསྐྱར་སྐྲུན་གྱི་གཞི་ཁྱོན་ལུགས་མཐུན་གྱིས་གཏན་འཁེལ་བྱས་པ་དང་། བསྐྱར་སྐྲུན་གྱི་དམིགས་ཡུལ་གཏན་འཁེལ་གསལ་པོ་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་ཐུབ་པར་འགན་ལེན་བྱེད་དགོས། 

     ཚོགས་འདུའི་ཐོག་ནན་གསུང་གནང་དོན། ད་ལོ་ནི་སི་ཁྲོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་པ་རེད། དྲག་ཆར་ཆུ་ལོག་དང་། དྲོད་ཚད་མཐོ་ཞིང་ཐན་སྐྱོན་བྱུང་། གློག་མི་འདང་ལ་མཁོ་སྤྲོད་འགན་ལེན་དཀའ་བ།ས་འགུལ་གྱི་གནོད་འཚེ་བཅས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་ཐོག། རིམས་ནད་ཡང་ནས་ཡང་དུ་བྱུང་ནས་དཀའ་ངལ་མང་པོ་གཅིག་ཐོག་གཅིག་བརྩེགས་དང་།ཉེན་ཁ་སྣ་ཚོགས་མཉམ་འདྲེས་སུ་བྱུང་ནས་ལས་གྲྭ་མང་པོར་དམག་འཐབ་བཅས་བྱེད་དགོས་ཐུག་པ། དཔལ་འབྱོར་ཆག་པའི་གནོན་ཤུགས་ཧ་ཅང་ཆེན་པོ་ནི་སྔར་བྱུང་མ་མྱོང་བ་ཞིག་རེད་ཅེས་བཤད་ནའང་ཆོག་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་སོ་སོ་དང་སྡེ་ཚན་སོ་སོ། རྒྱ་ཆེའི་ཏང་མི་ལས་བྱེད་པས་ངེས་པར་དུ་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས་དུས་ཚིགས་བཞི་པ་དང་ཉིན་བརྒྱའི་འབད་འཐབ་བྱས་ནས “འབད་འཐབ”ཀྱི་སྙིང་སྟོབས་དང།“མདུན་མཆོང”གི་ངར་ཤུགས།“གཏོད་པའི”བློ་སྤོབས་ལ་བརྟེན་ནས་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ནུས་ཤུགས་ཡོད་རྒུས་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱ་དགོས།

     ཞིང་ཆེན་གྱི་མགོ་ཁྲིད་ལེའོ་ཅན་ཡུས་དང་ལི་ཡུན་ཙེ།ཁྲེན་ཝུའེ།ཡེ་ཧན་པིན། ཐེན་ཆིང་ཡིང་། ཧུའུ་ཡུན་བཅས་དང་། དྲག་ཆས་ཉེན་རྟོག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཚའོ་ཧྲན་ཀུའེ།གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་གྱི་འབྲེལ་ཡོད་ཐད་གཏོགས་སྡེ་ཁག(སྡེ་ཚན)ཀྲུང་དབྱང་གི་སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཞིང་ཆེན་དམག་ཁུལ་དང་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཏོག་གསར་གློ་ཚད་ཀྱི་འཐུང་སྨན་འདི་དམ་བེ་གང་ལ་སྒོར270རེད་འདུག།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཉིས་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
  • དོ་སྣང་ཆེ་བའི་རྩོམ།