ཐབས་ཤེས་ཟུང་འབྲེལ་བྱས་ཏེ་བདེ་སྐྱིད་ཀྱི་གྲོང་སྡེ་བསྐྲུན།

མིག་དམར་དོན་གྲུབ་ཀྱིས།        2015-08-17

དྲོ་འཇམ་གྱི་ཉི་འོད་འཚེར་ཞིང་ལ་བསིལ་རླུང་དལ་བུར་ལྡང་སྟེ་ལྗོན་ཤིང་གི་ལྕུག་ཕྲན་མགོ་ལྕོག་ལྡེམ་ལྡེམ་གཡོ་བའི་ཁྲོད་དུ་རི་མོ་མཁན་གྱི་པིར་རྩལ་ལས་བྱུང་བ་ལྟ་བུའི་མཛེས་ཤིང་ལྟ་ན་སྡུག་པའི་སྡེ་རོང་རྫོང་སྤུན་གསུམ་ཤང་གཏིང་རི་གྲོང་སྡེ་མིག་ལམ་དུ་མངོན་བྱུང་།ཨར་འདམ་ལས་གྲུབ་པའི་ཟམ་ཆེན་བརྒྱུད་མ་ཐག་ལྕང་མའི་སྡོང་པོའི་གྲིབ་བསིལ་འོག་རྒན་རྒོན་འགས་ངོ་ལ་འཛུམ་དང་བཅས་ཁ་བརྡ་བྱས་ནས་བསྡད་འདུག དེར་སོང་ནས་བཅར་འདྲི་བྱེད་དུས་མོ་རང་ལ་དབང་མོ་ཟེར་ཞིང་། ལོ་ན68ལ་སོན། ད་ལྟར་ལས་འཁྱུར་ངལ་གསོ་བྱས་ཟིན།སྔོན་མ་ཁོ་ནི་རྫོང་སྦུག་ཆུ་བཟོ་གྲྭའི་ལས་བྱེད་པ་ཞིག་ཡིན་པ་དང་གཏིང་རི་གྲོང་སྡེ་ནས་སྐྱེས་ཤིང་འདི་ནས་འཚར་ལོངས་བྱུང་།ཁོས་ང་ཚོས་སྔོན་ནས་གྲོང་སྡེ་བསྒྱུར་བཀོད་དང་བགྲོད་ལམ་བཟང་བསྒྱུར་ལ་རེ་སྒུག་བྱས་པ་ཡིན། བསྒྱུར་བཀོད་མ་བྱས་གོང་ལམ་དོག་ཅིང་བཙོག་པ་དང་གྲོང་མི་རྣམས་ཀྱིས་ཕག་གསོ་ར་བ་དང་གསང་སྤྱོད་ཁང་སོགས་རང་དགར་བསྐྲུན་པས་གཙང་སྦྲ་མི་བཟང་ཞིང་དྲི་ངན་གྱིས་ཁྱབ་པ་ཞིག་ཡིན་ཡང་ད་ལྟར་ལྟོས་དང་།ཁོར་ཡུག་བཟང་ཞིང་གཙང་སྦྲ་ལྡན་པ་དང་མི་རྣམས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པས་ཚང་མས་སྤྱི་པའི་སྒྲིག་ཆས་ལའང་གཅེས་སྤྲས་ཡག་པོ་བྱེད་ཀྱིན་འདུག་ཅེས་བཤད།གྲོང་མི་ཨོ་རྒྱན་དོན་གྲུབ་ཀྱིས་གྲོང་སྡེ་བསྒྱུར་བཀོད་བྱེད་པའི་ཁྲོད་ཆེས་དགའ་འོས་པ་ནི་གྲོང་སྡེའི་གཞུང་ལམ་ཨར་འདམ་ལམ་དུ་བསྒྱུར་བ་དེ་རེད། སྔོན་མ་ཡིན་ན་གནམ་ངོ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་ཤིང་ཆར་བ་བབས་དུས་འདམ་པའི་ནང་འགྲོ་དཀའ་བས་ང་ཚོའི་གྲོང་སྡེ་ལ་འཕྲུལ་འཁོར་ཞིག་ཀྱང་མེད། ད་ལྟར་ཏང་གི་སྲིད་བཟང་དང་གྲོང་མི་རྣམས་ཀྱིས་ངལ་རྩོལ་བྱས་པར་བརྟེན་ནས་འཕྲུལ་འཁོར་ཆེ་འབྲིང་ཆུང་གསུམ་ཚང་མ་ཡོད་པས་ལས་ཀ་ཅི་ཞིག་བསྒྲུབ་པ་དང་ས་ཆ་གང་དུ་འགྲོ་དགོས་ནའང་ཧ་ཅང་སྟབས་བདེ་མོ་རེད་ཅེས་བཤད།སྤུན་གསུམ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲེན་ཧྲན་གྱིས་གྲོང་སྡེའི་འཚོ་བའི་ཁོར་ཡུག་ལེགས་བཅོས་བྱས་པས་གྲོང་མི་རྣམས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་སོང་ཞིང་། ཁོ་ཚོའི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་ང་ཚོའི་སེམས་ལ་དགའ་བ་ཚད་མེད་སྐྱེས། ཁོས་གཏིང་རི་གྲོང་སྡེ་ནས་ཤང་སྲིད་གཞུང་གི་བར་སྤྱི་ལེ6ཙམ་ཡོད་པ་དང་གྲོང་སྡེ་དེ་ལ་དུད་ཚང24དང་མི་འབོར178ཡོད། རྨོད་ཞིང་གི་རྒྱ་ཁྱོན་མུའུ152ཡོད་པ་དང་མ་མཐའི་འཚོ་རྟེན་འགན་སྲུང་གི་དུད་ཚང21ཡོད། 2013ལོའི་ལོ་མཇུག་ཏུ་སྤུན་གསུམ་ཤང་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེའི་གནས་ཚུལ་ལ་དབྱེ་ཞིབ་དང་དམངས་ཀྱི་འདོད་བློ་གཙོ་བོར་བྱས་པའི་རྨང་གཞིའི་ཐོག་གཏིང་རི་གྲོང་སྡེ་དེ་ཤང་ཡོངས་ཀྱི་དཔལ་ཡོན་ཅན་གྱི་གྲོང་གསར་འཛུགས་སྐྲུན་གྱི་དཔེ་སྟོན་བྱ་རྒྱུ་གཏན་འཁེལ་བྱས། 2014ལོ་ནས་བཟུང་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཐབས་ལམ་མང་པོས་མ་དངུལ་རག་ཐབས་བྱས་ཏེ་གཏིང་རི་གྲོང་སྡེར་ནུས་ཤུགས་གང་ཡོད་ཀྱིས་རྨང་གཞིའི་སྒྲིག་ཆས་དཔེ་སྟོན་གྲོང་སྡེ་དང་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་སྡེ། ཁོར་ཡུག་མཛེས་པའི་དཔེ་སྟོན་གྲོང་སྡེ། འཆམ་མཐུན་དཔལ་ཡོན་གྱི་དཔེ་སྟོན་གྲོང་སྡེ་བཅས་བསྐྲུན་པ་རེད་ཅེས་ངོ་སྤྲོད་བྱས།ངོ་སྤྲོད་བྱས་པར་གཞིགས་ན། གཏིང་རི་གྲོང་སྡེས་གྲོང་གསར་འཛུགས་སྐྲུན་ནང་མ་དངུལ་སྒོར་ཁྲི60བཏང་ནས་སྤྱི་ལེ4.8ཡོད་པའི་བགྲོད་ལམ་ཨར་འདམ་ལམ་དུ་བསྒྱུར་བ་དང་སྒོར་ཁྲི40བཏང་ནས་སྨི་གྲུ་བཞི་མ280ཡོད་པའི་གྲོང་སྡེའི་བྱེད་སྒོ་ཁང་བསྐྲུན་པས་མ་ཚད་ཉི་ནུས་ལམ་སྒྲོན40སྒྲིག་སྦྱོར་བྱས་ཡོད། སྒོར་ཁྲི48བཏང་སྟེ་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི2བཏང་ནས་མི་ཕྱུགས་ཁ་ཁ་སྡོད་ས་དང་ཞིང་དུད་ཀྱི་ར་བ་འཛུགས་སྐྲུན། ལུས་པོ་འཁྲུད་ས་དང་གསང་སྤྱོད་ཁང་བསྐྲུན་ཞིང་། ཕག་གསོ་ར་བའང་ལེགས་བསྒྱུར་བྱས་ཡོད། དེ་མིན་གྲོང་སྡེར་བདེ་འཇགས་མཉམ་སྲུང་རུ་ཁག་སྒྲིག་འཛུགས་བྱས་ཏེ་རུ་དོན་དག་ཅི་ཞིག་བྱུང་ན་ཁོ་ཚོས་ཐག་གཅོད་བྱས་ཤིང་། རུ་ཁག་དེ་ཡོད་པས2013ལོ་ནས་ད་ལྟའི་བར་གྲོང་སྡེར་སྤྱི་ཚོགས་བརྟན་བརླིང་ལ་ཤུགས་རྐྱེན་ཐེབས་པའི་དོན་དག་ཡེ་ནས་བྱུང་མ་མྱོང་ཞེས་བཤད། ཁོས་མུ་མཐུད་ནས་གྲོང་སྡེ་བདེ་འཇགས་ཡིན་པ་ཙམ་གྱིས་ག་ལ་ཆོག གལ་ཆེ་བ་ནི་དཔལ་འབྱོར་དར་རྒྱས་འགྲོ་རྒྱུ་དེ་ཡིན་པས་སྔོན་ལ་འདེབས་འཛུགས་བྱས་པའི་སྟར་ཀའི་ཐོན་ལས་ཀྱི་རྨང་གཞི་བྱས་ཐོག 2014ལོར་ཡང་སྟར་ཀའི་ཐོན་ལས་འདེབས་འཛུགས་རྟེན་གཞི་མུའུ10གསར་དུ་བསྣན་པ་དང་། ད་ལྟར་ཆང་བསྙལ་སའི་རྒུན་འབྲུམ་མུའུ86འདེབས་གསོ་བྱེད་བཞིན་ཡོད་པས་ཡོང་འབབ་མི་དམན་པ་ཞིག་འཐོབ་རྒྱུར་ཡིད་ཆེས་དང་གདེང་ཚོད་ཡོད་ཅེས་བཤད་པ་རེད།ད་ལྟར་གཏིང་རི་གྲོང་སྡེ་ཡི་རྣམ་པ་མཛེས་ཤིང་མི་རྣམས་ཕྱུག་པོར་གྱུར་ཡང་། ཁོ་ཚོ་དེ་ཙམ་གྱིས་ཡིད་མི་ཚིམས་ཏེ་སྔ་དགོང་དབྱེར་མེད་ཀྱི་སྒོས་ལས་ལ་བརྩོན་ཞིང་ཐབས་དང་ཤེས་རབ་ལ་བརྟེན་ནས་ཕུགས་འདུན་གསར་པ་ཞིག་མངོན་འགྱུར་བྱུང་བར་འབད་འབུངས་ལྷོད་མེད་བྱས་དང་བྱེད་བཞིན་པ་རེད།།
  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་འགུལ་འགོག་གནོད་སེལ་གྱི་ཕྱོགས་བསྡུས་བབ་བསྟུན་སྦྱོང་བརྡར་བྱས།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་བོད་མིའི་ཁྱིམ་དུ་ཆུ་ལོག་སྔོན་འགོག་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།