སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གསར་བཞེངས་བྱེད་འགོ་བཙུགས།
སྐལ་ཐུབ་ཀྱིས་བསྒྱུར། 2015-08-20
ཟླ་བ8པའི་ཚེས10ཉིན། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གསར་བཞེངས་ཨར་ལས་ཀྱི་འགོ་ཚུགས་དང་རྨང་འདིང་མཛད་སྒོ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཕི་ཞིན་རྫོང་གི་ཐང་ཁྲང་གྲོང་རྡལ་དུ་སྤེལ་བ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་འགོ་ཚུགས་མཛད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་དང་། ཀྲུང་གོའི་བོད་ཀྱི་སྐད་ཡིག་ཚན་ཁག་མཐོ་རིམ་ནང་བསྟན་སློབ་གླིང་དང་བོད་ལྗོངས་ནང་བསྟན་སློབ་གླིང་གིས་རྟེན་འབྲེལ་ཞུས་ཤིང་ཁྲེང་ཏུའུ་རུ་ཀྲུང་ཧྭ་རིག་གནས་དང་ནང་བསྟན་ཆོས་ལུགས་ཀྱི་གྲོས་ཞིབ་ཚོགས་འདུར་ཞུགས་པའི་ཆེད་རམས་པ་དང་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་ཀྱིས་བདེན་དཔང་གནང་བ་རེད།སློབ་གླིང་གསར་པའི་ཁང་སའི་ཇུས་འགོད་རྒྱ་ཁྱོན་ས་མུའུ116.72ཡིན་ཞིང་དུས་རིམ་དང་པོར་མ་དངུལ་སྒོར་དུང་ཕྱུར1.615གཏང་རྒྱུ་ཡིན་ལ། སང་ལོའི་སྟོན་དུས་འཛུགས་སྐྲུན་ཨར་ལས་གྲུབ་ནས་བེད་སྤྱོད་བྱ་འགོ་བརྩམ་རྒྱུ་དང་། སློབ་འགོ་ཚུགས་དུས་འབྲིང་རིམ་སློབ་མའི་གོ་རྟགས་འཛིན་གྲྭ་དང་མཐོ་རིམ་སློབ་མའི་གོ་རྟགས་འཛིན་གྲྭ སྤྲུལ་སྐུའི་འཛིན་གྲྭ ཆེད་དོན་གསོ་སྦྱོང་འཛིན་གྲྭ་བཅས་གཟུགས་རྒྱུ་ཡིན་ཞིང་སློབ་མ400ཙམ་བསྡུ་རྒྱུ་རེད།ཚུའེ་པའོ་ཧྭས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྔར་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་ལས་ཀར་མཐོང་ཆེན་གནང་དང་གནང་བཞིན་ཡོད། སློབ་གླིང་བཞེངས་རྗེས་དེ་ནི་སི་ཁྲོན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཆེས་མཐོ་བའི་སློབ་གླིང་ཡིན་ཞིང་། ཆབ་སྲིད་ཐོག་ཚུགས་ཐུབ་ཅིང་ཆོས་ལུགས་ཐད་ཡོན་ཚད་ཆེ་བ། ཀུན་སྤྱོད་ཐད་ཚང་མས་བཀུར་བའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་གསོ་སྐྱོང་བྱེད་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་མཐུན་ཡོང་བར་སྐུལ་ཁྲིད་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་དགོས། འཛུགས་སྐྲུན་ལ་ཞུགས་པའི་ལས་ཁུངས་ཀྱིས་འགན་འཁྲིའི་འདུ་ཤེས་ཇེ་ཆེར་གཏོང་ཞིང་དོ་དམ་ནན་པོར་བྱས་ཏེ་ཨར་ལས་ཀྱི་སྤུས་ཚད་ལ་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།