ཧྲེན་དབྱང་འཐུས་མི་ཚོགས་པ་དང་པོའི་གྲོས་བསྡུར་ནང་ཞུགས།

        2021-12-28

ཧྲེན་དབྱང་འཐུས་མི་ཚོགས་པ་དང་པོའི་གྲོས་བསྡུར་ནང་ཞུགས།

     

     སྤྱི་ཟླ12པའི་ཚེས27ཉིན། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མགོ་ཚུགས་ཚོགས་འདུ་གྲོལ་རྗེས་བློ་མཐུན་ཧྲེན་དབྱང་འཐུས་མི་ཚོགས་པ་དང་པོར་ཕེབས་ནས་དར་མདོ་གྲོང་ཁྱེར་དང་། བརྒྱད་ཟིལ་རྫོང་། སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱི་ཏང་གི་འཐུས་མི་དང་མཉམ་དུ་བྱམས་བརྩེའི་ངང་གྲོས་བསྡུར་གྱི་གཏམ་བཤད་སྤེལ་རེས་གནང་བ་རེད།

     འཐུས་མི་ཡན་ལེ་དང་ཀྲུའུ་པང་ཝུན་བཅས་ཀྱི་གཏམ་བཤད་ལ་ཉན་རྗེས། ཧྲེན་དབྱང་གིས་འདས་ཟིན་པའི་ལོ་ལྔའི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཐུགས་ཁུར་འོག་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་སེམས་ཤུགས་གཅིག་སྒྲིལ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྐྲུན་པའི་ལམ་བུའི་ཐོག་སྐྱོད་ཐུབ་པར་བྱུང་ཡོད། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སེང་ལ་ཆབ་སྲིད་རང་བཞིན་དང་། གསར་གཏོད་རང་བཞིན། རྒྱུན་འཛིན་རང་བཞིན་བཅས་ལྡན་པས། ཁུལ་ཡོངས་ཀྱི་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་སྐབས་དེ་བས་རིང་བ་ཞིག་གི་སྤྱིའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན། བྱ་ཐབས་གལ་ཆེན་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཡོད།“གཙོ་གནད་གཅིག”ནི་དཀར་མཛེས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་འགག་རྩ་ཡིན་ལ།“ཁུལ་གཉིས་གསར་འཛུགས”ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་ལག་ལེན་དངོས་ཡིན།“བྱེད་ཡུལ་གསུམ་འཛུགས་སྐྱོང་བྱེད་པ”ནི་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་ལྡན་གྱི་དམ་འཛིན་བྱ་གཞི་ཡིན་པ་དང་། “སྒུལ་ཤུགས་ཆེན་པོ་བཞི”ནི་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་དངོས་ཡོད་དགོས་མཁོ་ཡིན།“འཐབ་ཇུས་ཆེན་པོ་ལྔ”ནི་གཅིག་མཇུག་གཉིས་མཐུད་དུ་སྒྲུབ་པའི་འགན་འཁྲི་མཚོན་ཚུལ་བཅས་ཡིན་པས། མཐུན་སྒྲིལ་དང་ཕྱུག་འབྱོར། ཞི་མཐུན་དང་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་རྒྱུར་བྱ་སྤྱོད་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

     ཧྲེན་དབྱང་གིས་དར་མདོ་དང་བརྒྱད་ཟིལ་ལ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཡུལ་བབ་དང་བསྟུན་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། ཁྱད་ལྡན་གྱི་ཞིང་འབྲོག་ལས་རིགས་སྐྱེད་སྲིང་། ནུས་རྒྱུ་གཙང་མ་གསར་སྤེལ་བཅས་ལ་སྐུལ་འདེད་བཏང་སྟེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཡོང་བའི་ལས་དོན་ཁྱོན་ཡོངས་ཡག་པོ་བསྒྲུབས་ཏེ་ལས་དོན་གྱི་ཕན་འབྲས་ཆེས་ཆེ་བའི་ཐོག་ནས་ཁུལ་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ལ་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས་པའི་བླང་བྱ་བཏོན། སི་ཁྲོན་མི་རིགས་སློབ་གླིང་གིས་ས་ཁོངས་རང་བཞིན་དང་མི་རིགས་རང་བཞིན་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས་བྱང་ཚད་མཐོ་བ་དང་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་དགོས་པའི་ལྕག་སྐུལ་གནང་བ་རེད།།



མཁས་གྲུབ་དང་རྟ་མགྲིན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་མགོ་ཚུགས།
  • ལེ་ཚན་རྗེས་མ།:བྱང་ཆུབ་འཐུས་མི་ཚོགས་པ་བཅུ་གཅིག་པའི་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།