ཏང་གི་འཐུས་མིའི་བགྲོད་ལམ་བརྒྱུད་ནས་དོ་ཁུར་གནད་དོན་གླེང་།

མཁས་གྲུབ་དང་རྟ་མགྲིན་གྱིས་བྲིས།        2021-12-28

 སྤྱི་ཟླ12ཚེས27ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་འཚོག་མགོ་ཚུགས་པ་རེད།


ཏང་གི་འཐུས་མིའི་བགྲོད་ལམ་བརྒྱུད་ནས་དོ་ཁུར་གནད་དོན་གླེང་།

   མགོ་ཚུགས་ཚོགས་འདུ་གྲོལ་རྗེས་ཐོག་མར་བཙུགས་པའི“ཏང་གི་འཐུས་མིའི་བགྲོད་ལམ”དངོས་སུ་སྒོ་ཕྱེ་བ་དང་། ཀྲོའུ་ཧྲི་ཝུའུ་དང་། ཝང་ཆང་། ལིའུ་ཙེ། ཚེ་རིང་སྒྲོལ་མ། ཐང་ཞའོ་ཆིང་བཅས་ཁུལ་ཏང་གི་འཐུས་མི་ལྔ་པོས་འཕྲིན་སྦྱོར་ཁག་གི་བཅར་འདྲི་དང་ལེན་ཞུས་ཏེ་དོ་ཁུར་བྱས་པའི་གནད་དོན་ལ་བརྡ་ལན་སྤྲད་པ་རེད།


ཀྲོའུ་ཧྲི་ཝུའུ་ཡིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ཧུར་ཐག་གིས་བསྐྲུན་དགོས་པ་བཏོན།

 “དེ་རིང་ཕྱི་དྲོར་བློ་མཐུན་ཧྲེན་དབྱང་གིས་ཁུལ་ཨུ་སྐབས་བཅུ་གཅིག་པའི་ཚབ་བྱས་ནས་ལས་དོན་སྙན་སེང་གནང་བར་ནན་ཏན་ངང་ཉན་པ་དང་།སྙན་སེང་གི་བརྗོད་བྱ་ཁ་གསལ་བ་དང་། ནང་དོན་ཕུན་སུམ་ཚོགས་ལ། མི་སེམས་གཅིག་ཏུ་སྒྲིལ་བ།ངར་ཤུགས་འཕེལ་བ་བཅས་ཡིན་པས་ང་རང་དེར་མོས་མཐུན་ཡོད་པ་དང་། མཐའ་གཅིག་ཏུ་བརྩི་འཇོག་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡོང་བ་བྱ་རྒྱུ་ཡིན”ཅེས་བཤད།  ཀྲོའུ་ཧྲི་ཝུའུ་ཡིས《སྙན་སེང》ནང་མ་འོངས་པའི་ལོ་ལྔའི་ནང་རང་ཁུལ་གྱི་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཧུར་ཐག་སྒོས་བསྐྲུན་རྒྱུ་ཡིན་པ་བཏོན་པ་དང་།ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་།སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ཚད་དཔོག་གཏན་ཁེལ་ལ་གཞི་ཚུགས་པ་དང་།“རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་ལ་གངས་དང་འཁྱག་རོམ་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཆུ་དང་རླུང་།འོད་བཅས་ཕན་ཚུན་ཁ་གསབ་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། སྟོང་ཝ་ཁྲི1390ཡི་ནུས་རྒྱུ་གཙང་མའི་གློག་གཏོང་སྒྲིག་སྦྱོར་འཕྲུལ་འཁོར་བསྐྲུན་པ་དང་དེའི་གཞི་ཁྱོན་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པ་ཡིན།འཛུགས་སྐྲུན་བྱེད་བཞིན་པའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་སྟོང་ཝ་ཁྲི1000ལྷག་ཙམ་ཟིན་པ་དང་། ད་དུང་སྤུས་ལེགས་པའི་ཆུ་དང་འོད་།ཆུ་འཐེན་ནུས་བཅས་ཀྱི་ལས་གཞི་འབོར་ཆེན་ཞིག་ཇུས་འགོད་དང་གྲབས་གསོག་བྱེད་བཞིན་ཡོད་པ་རེད་ཅེས་བཤད།


ཝང་ཆང་གིས་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ལྟེ་གནས་གཅིག་དང་རྟེན་གཞི་ཆེན་པོ་བཞི་བསྐྲུན་དགོས་པ་བཏོན།

   “སྙན་སེང་གི་ནང‘ཡུལ་བབ་དང་བསྟུན་ཏེ་བདེ་གསོའི་སྤྲོ་གསེང་རྣམ་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ། ཞིང་འབྲོག་ཉམས་ཞིབ་རྣམ་པའི་གྲོང་ཚོ་བཅས’འཛུགས་སྐྲུན་བྱ་དགོས་པའི་བླང་བྱ་བཏོན་ཡོད་པས། ང་ཚོར‘རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ས་བབ་ལེགས་ཆ་ཇི་ལྟར་བེད་སྤྱོད་བྱེད་པ་དང་ཇི་ལྟར་ཡུལ་སྡེ་དར་རྒྱས་ཡོང་བར་བྱེད་པར’ཁ་ཕྱོགས་གསལ་བོར་བསྟན་པ་དང་ལན་བརྒྱབ་འདུག”ཅེས་བཤད།  ཝང་ཆང་གིས་དར་མདོ་གྲོང་ཁྱེར་གྱི་གྲོལ་མ་ཐག་པའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་ཐོག“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང“ཤར་ནུབ་གཉིས་ཀྱི”ཐོན་ལས་བཀོད་སྒྲིག་བྱེད་སྟངས་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན། བཀོད་སྒྲིག་དེ་ནི་གཙོ་བོ་རྒྱུ་ལ་ས་མཚམས་སུ་བྱས་ནས་ཤར་ནུབ་ཀྱི་ས་ཁམས་ཁྱད་ཆོས་དང་གནམ་གཤིས་ཆ་རྐྱེན་མི་འདྲ་བར་གཞིགས་ཏེ་དར་མདོའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གཏན་འཁེལ་བྱ་རྒྱུ་དེ་རེད། ཡུལ་སྡེ་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་དར་མདོས“ཞིང་ལས་འཚམ་སར་ཞིང་ལས་བྱེད་པ་དང་། ཡུལ་སྐོར་འཚམ་སར་ཡུལ་སྐོར་བྱེད་པ། རིག་གནས་འཚམ་སར་རིག་གནས་སྤེལ་བ”བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ས་བབ་ལེགས་ཆ་སྤྱད་དེ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་སུ“ལྟེ་གནས་གཅིག་དང་རྟེན་གཞི་ཆེན་པོ་བཞི”སྐྲུན་པའི་བསམ་བཀོད་ཡོད་པ་རེད་ཅེས་བཤད།


ལིའུ་ཙེ་ཡིས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྱོང་ལ་སེར་ཤུལ་གྱི་སྟོབས་ཤུགས་འབུལ་དགོས་པ་བཏོན། 

   “བློ་མཐུན་ཧྲེན་དབྱང་གིས་གནང་བའི་ལས་དོན་སྙན་སེང་ལ་ཉན་པ་དང་། དེའི་ནང་དུ་དཀར་མཛེས་ཁུལ་གྱི་མ་འོངས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས་མི་སེམས་ལ་སྐུལ་མ་ཐེབས། སེར་ཤུལ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་ཆུ་མགོའི་ཁུལ་དུ་གནས་པ་དང་། དེ་ནི་འབྲི་ཆུ་དང་རྨ་ཆུའི་གནད་ཆེ་བའི་ས་ཁུལ་ཡིན་པས་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེན་པོར་ཆགས་ཡོད”ཅེས་བཤད། ལིའུ་ཙེ་ཡིས། སེར་ཤུལ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ“རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་ལ།གངས་དང་འཁྱག་རོམ་ཡང་གསེར་རི་དངུལ་རི་ཡིན”པའི་འདུ་ཤེས་ལག་བསྟར་དང་། “ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་འདམ་ར་སྲུང་སྐྱོང་དང་ཀྲུང་ཧྭའི་ཆུ་བོའི་མགོ་ཁུངས་ལ་ལྟ་སྐྱོང་།  སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་སེར་ཤུལ་གྱི་སྐྱེ་ཁམས་འཛུགས་སྐྱོང་”བཅས་ཀྱི་བསམ་བློ་བརྟན་པོ་བཅངས་ཤིང་། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་། རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་བཅོས་སྐྱོང་།ས་ཆུ་ཤོར་བ་བཅོས་སྐྱོང་། ཨ་བྲའི་གནོད་འཚེ་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་ཧུར་ཐག་བྱེད་ཅིང་། སྒུག་རྟེན་མི་བྱེད་པ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། མི་ཚང་མས་སྐྱེ་ཁམས་སྲུང་སྐྱོང་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ལས་དོན་སྒྲིག་འཛུགས་དོན་ཐོག་ཏུ་འཁྱོལ་བ་དང་། ལག་བསྟར་དོན་ཐོག་ཏུ་འཁྱོལ་བ་བཅས་མཐའ་གཅིག་ཏུ་བྱས་ཏེ་དཀར་མཛེས་ཀྱི་སྐྱེས་ཁམས་འཛུགས་སྐྱོང་བྱ་ཆེད་སེར་ཤུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད་པ་རེད།


ཚེ་རིང་སྒྲོལ་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སེང་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏང་དགོས་པ་བཏོན།

   “དེ་རིང་ང་ཚོའི་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུ་བྱུང་བ་དེ་ནི་དཀར་མཛེས་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ལ། གཞི་རིམ་གྱི་ཏང་གི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཐེངས་འདིའི་ཚོགས་འདུར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།” ཚེ་རིང་སྒྲོལ་མས་འདས་ཟིན་པའི་ལོ་ལྔའི་ནང་ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་སྙིང་རུས་དང་བློ་བརྟན་འགྱུར་མེད་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་དད་སེམས་ཀྱིས་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཏོད་ཡོད་ཅེས་བཤད་པ་རེད།


ཐང་ཞའོ་ཆིང་གིས་མི་སེར་གྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པ་བཏོན།

   “སྙན་སེང་ནང་དུ་འདས་ཟིན་པའི་ལོ་ལྔའི་ནང་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་།དབུལ་ཐར་འགག་སྒྲོལ་ཐད་གྲུབ་འབྲས་ཆེན་པོ་ཐོབ། དམངས་འཚོའི་བདེ་སྐྱིད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། མི་སེར་གྱི་བདེ་སྐྱིད་སྟོན་གྲངས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་དང་དུས་མཚུངས་སྙན་སེང་ནང་ད་དུང་འབྱུང་འགྱུར་ལོ་ལྔའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་བརྗིད་ཆེའི་འཆར་གཞི་བཀོད” ལ་ཉན་རྗེས་སེམས་འགུལ་ཐེབས་སོང་ཞེས་བཤད། ཐང་ཞའོ་ཆིང་གིས་གཞི་རིམ་གྱི་གུང་ཁྲན་ཏང་མི་ཞིག་གི་ངོས་ནས་བརྗོད་ན། ཀྲུང་གོ་གསར་པར་འཚོ་བ་བསྐྱལ་རྒྱུ་བྱུང་བར་བཀའ་དྲིན་ཞུ་བ་དང་ཆབས་ཅིག་རང་ཉིད་ནི་དཀར་མཛེས་བ་ཞིག་ཡིན་པས་སྤོབས་པ་ཆེན་པོ་སྐྱེ་བཞིན་ཡོད། སྔོན་ཆད་ཀྱི་འགྲིམ་འགྲུལ་སྟབས་མི་བདེ་བ་ནས་ད་ལྟའི་མྱུར་བགྲོད་གཞུང་ལམ་དང་མཁའ་ལམ་སོགས་བསྐྲུན་ཡོད་པའི་འགྱུར་ལྡོག་དེ་ཚོ་ནི་བློས་དཔག་དཀའ་བ་ཞིག་རེད། ང་རང་ཕྱིར་ཕ་ཡུལ་དུ་ལོག་རྗེས་སྙན་སེང་གི་སྙིང་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས་མི་སེར་ཚོར་བརྒྱུད་བསྒྲགས་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་དཀར་མཛེས་ཁུལ་སྔར་ལས་མཛེས་སྡུག་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་བཤད།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཞིང་སྡེའི་ཚོང་དོན་དངུལ་ཁང་གིས“སི་ཁྲོན་དར་རྒྱས་ཡིད་རྟོན་བྱང་བུ”ཐོག་མ་འགྲེམས་སྤེལ་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།