གསེར་ཐར་རྫོང་གི་འགྲིམ་འགྲུལ་ཨར་ལས་ཆེན་མོར་གཡུར་ཟའི་གྲུབ་འབྲས་ཐོབ།

དབྱངས་ཅན་གྱིས་བསྒྱུར།        2015-07-29

 འགྲོ་ཙམ་སྡོད་ཙམ་བྱས་ཏེ་ཉིན་ཕྱེད་ཙམ་འགོར་རྗེས་ད་གཟོད་ལམ་ཐག་ཕྱེད་ཙམ་ལས་སླེབས་མི་ཐུབ་པ་དང་སྐབས་འགར་ད་དུང་ལམ་བར་དུ་སྡོད་དགོས་བྱུང་བ་རེད་ཅེས་སྨྱུག་འཛིན་པ་གསེར་ཐར་རྫོང་དུ་བཅར་འདྲི་བྱེད་དུ་སོང་སྐབས། རྫོང་དེའི་ཁ་ལོ་བ་ཝང་ལགས་ཀྱིས་ལོ་བཅུའི་སྔོན་གྱི་འགྲིམ་འགྲུལ་གནས་ཚུལ་ཕྱིར་དྲན་བྱེད་བཞིན་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བཤད། ཁོས་ད་དུང་སྨྱུག་འཛིན་པ་ལ་གསེར་ཐར་རྫོང་གི་འགྲིམ་འགྲུལ་ཨར་ལས་འཕེལ་རྒྱས་མགྱོགས་པ་དེ་འདྲ་ཡོང་ཐུབ་རྒྱུ་ནི་རྨི་ལམ་ནང་ལའང་དྲན་མ་མྱོང་། སྔོན་མར་གསེར་ཐར་དུ་འགྲོ་འོང་བྱེད་སའི་ལམ་དེ་ཧ་ཅང་རྙིང་ཧྲུལ་ཡིན་པར་མ་ཟད་ད་དུང་ནམ་རྒྱུན་རླངས་འཁོར་འཚང་བ་དང་། སྐབས་འགར་གྱེན་ལམ་དུ་འགྲོ་སྐབས་རླངས་འཁོར་གྱི་སྣ་མགོ་མ་གཏོགས་གཞུང་ལམ་མཐོང་ཐུབ་ཀྱི་མ་རེད། རླངས་འཁོར་ཐོག་ག་དུས་ཡིན་རུང་བཟའ་བཅའ་གྲ་སྒྲིག་བྱ་རྒྱུ་དང་རླངས་འཁོར་ལམ་བར་དུ་འཚང་ནས་མཚན་མོར་ཡུལ་དེར་སྡོད་པའི་གྲ་སྒྲིག་བཟོ་དགོས་པ་རེད། ད་ལྟ་སྐྱིད་པོ་འདུག ཉིན་ཕྱེད་ཙམ་གྱིས་དར་མདོར་སླེབས་ཐུབ་པ་དང་ཁྲེང་ཏུའུ་ལའང་ཆུ་ཚོད་བཅུ་ཁ་ཤས་ལས་མི་དགོས་པ་རེད་ཅེས་བཤད།
 བཅར་འདྲི་བྱེད་སྐབས་རགས་བཀྲམ་ཤང་གི་འབྲོག་མིས་གཞུང་ལམ་དེའི་གནས་ཚུལ་བཤད་སྐབས་མྱོང་ཚོར་ཟབ་མོ་འདུག་སྟེ། ཁོ་ཚོ་སྔོན་མར་རྫོང་དུ་དོན་དག་སྒྲུབ་པའམ་ཡང་ན་ཅ་ལག་ཉོ་སྒྲུབ་བྱེད་སར་འགྲོ་དུས་གང་ལྟར་ཡང་ཉིན་གསུམ་ཙམ་འགོར་གྱི་ཡོད། ད་ལྟ་ཉིན་གཅིག་ལས་མི་དགོས་པར་ཕྱིར་ལོག་ཐུབ་པས་དུས་ཚོད་གྲོན་ཆུང་བྱེད་ཐུབ་ལ་དཀའ་ལས་ཀྱང་དེ་ཙམ་རྒྱག་མི་དགོས་པ་དང་ཆབས་ཅིག་ཏུ་ཞག་སྡོད་ཀྱི་འགྲོ་གྲོན་ཡང་གྲོན་ཆུང་བྱེད་ཐུབ་ཅེས་བཤད།
 རྒྱལ་ཁབ་ཀྱིས་རྒྱུན་ཆད་མེད་པར་མི་རིགས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་སྦྲགས། རྫོང་དེའི་འགྲིམ་འགྲུལ་གྱི་ད་ཡོད་གནས་ཚུལ་རྒྱུན་མཐུད་དེ་ལེགས་བཅོས་བྱུང་ནས་ཞིང་འབྲོག་མི་དམངས་ལ་འགྲོ་འོང་གི་སྟབས་བདེ་སྤྲད་ཡོད་པར་མ་ཟད། ཚོང་ཟོག་འཁོར་རྒྱུག་གི་འཕེལ་རིམ་ཡང་ཇེ་མགྱོགས་སུ་ཕྱིན་ཞིང་ཡུལ་དེའི་ཕྱུག་ལས་ཐོན་རྫས་ཕན་སྒྱུར་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཏང་བ་རེད། འགྲོ་འོང་དང་དངོས་ཟོག་ཉོ་ཚོང་བྱེད་དཀའ་བའི་གནས་ཚུལ་ལེགས་བཅོས་བྱེད་ཆེད། རྫོང་དེས་གོ་སྐབས་དམ་འཛིན་དང་རིགས་སྣ་ཚོགས་ཀྱི་རྣམ་གྲངས་མ་དངུལ་བརྩོན་ལེན་བྱས་ཏེ་ཁྱོན་ཡོངས་སུ་འགྲིམ་འགྲུལ་གྱི་ཨར་ལས་ཆེན་པོ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་སྤྱི་ལེ193དང་ཤང་བགྲོད་གཞུང་ལམ་སྤྱི་ལེ129 སྲིད་འཛིན་གྲོང་སྡེའི་བར་ཤར་བགྲོད་ཐུབ་པའི་གཞུང་ལམ་སྤྱི་ལེ1674བཅས་དང་ཟམ་པ44བཟོ་སྐྲུན་བྱས་པ་དང་། 2011ལོ་ནས2014ལོའི་བར་དུ་རིགས་སྣ་ཚོགས་ཀྱི་དབུལ་སྐྱོར་ཟམ་པ18དང་གྲོང་སྡེའི་གཞུང་ལམ་སྤྱི་ལེ57འཛུགས་སྐྲུན་བྱས་ཤིང་། རྒྱ་ཆེ་བའི་མང་ཚོགས་ཀྱི་འགྲོ་འོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་སྤྲད་པ་རེད།
 མིག་སྔར་སྤྱིའི་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར4.6དང་རིང་ཚད་ཧྲིལ་པོར་སྤྱི་ལེ85.1ཡོད་པའི་གསེར་ཐར་རྫོང་གི་གསེར་ཁོག་གྲོང་རྡལ་ནས་གསེར་བ་ཤང་བར་གྱི་གཞུང་ལམ་བསྐྱར་སྐྲུན་གྱི་ཨར་ལས་ཀྱང་བྲེལ་མྱུར་ངང་ལས་བཞིན་པའི་སྒང་ཡིན་ལ། གཞུང་ལམ་གྱི་ལམ་གཞིའི་ཨར་ལས་བརྒྱ་ཆ90ལེགས་གྲུབ་བྱུང་ཟིན་ནས་དགུན་དུས་ཀྱི་ངལ་གསོ་མ་བྱས་སྔོན་ལ་སྣུམ་སྙིགས་གཞུང་ལམ་ཁོད་སྙོམས་བྱ་ཐུབ་རེ་ཡོད་པ་རེད། གཞུང་ལམ་དེའི་བསྐྱར་སྐྲུན་ཨར་ལས་ལེགས་གྲུབ་ཡོང་རྗེས་འགྲོ་འོང་དང་ཚོང་རྫས་འཁོར་རྒྱུག་བྱེད་པར་དེ་བས་སྟབས་བདེ་སྤྲད་ཐུབ་པ་དང་ཆབས་ཅིག ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏང་རྒྱུ་ལའང་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ་པ་རེད།། 
  • ལེ་ཚན་སྔོན་མ།:གྲོང་གསེབ་དང་དུད་ཚང་དུ་ཕྱིན་ནས་ཉེ་བ་ལ་འཚམས་འདྲི་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་ལ་ཟམ་པ་ཞིབ་དཔྱད་ཚན་ལེན་བྱེད་ཡས་ཀྱི་ཆེད་སྤྱོད་རླངས་འཁོར་ཡོད།
  • དོ་སྣང་ཆེ་བའི་རྩོམ།