ཉེ་ཆར། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཁྲེན་ཀྲུང་དབྱིས་སེམས་མཐུན་ཕྱོགས་མཐུན་གྱི་བྱེད་སྒོ་སྤེལ་ཡུལ་བྲག་འགོ་རྫོང་གི་བྲག་འགོ་དགོན་པར་ཕེབས་ནས་ཆོས་ལུགས་ལས་རིགས་མི་སྣ་རྣམས་ལ་འཚམས་འདྲི་ཞུས་ཤིང་། དགོན་པའི་དོ་དམ་ལས་ཀའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་དང་མཉམ་དུ་རྒྱུན་རྣམ་གསར་པའི་འོག་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་རྒྱུའི་སྐོར་ལ་བཞུགས་མོལ་གནང་བ་རེད།
བཞུགས་མོལ་གནང་རིང་དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་བླ་མ་མཁན་པོ་རྣམས་ཀྱིས་ཁུལ་ཡོངས་ཀྱི་དགོན་པའི་མང་ཚོགས་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཁྲིམས་ལྟར་ཁུལ་སྐྱོང་བའི་ཆོད་སེམས་ལ་རྗེས་སུ་ཡི་རང་བྱས་པ་རེད། ཚང་མས་ངེས་པར་དུ་ནང་བསྟན་ཆོས་ལུགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ་དང་དགོན་ནང་གི་གྲྭ་པ་རྣམས་ལ་ཁྲིམས་སྐྱོང་གི་སློབ་གསོ་སྤེལ་བ། ཁྲིམས་ལྟར་དགོན་པ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཚུལ་མཐུན་ངང་དར་སྤེལ་གཏོང་བར་སྲུང་སྐྱོང་ཏན་ཏིག་བྱས་ཏེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་བདེ་བླག་ངང་གོང་དུ་འཕེལ་བ་ལ་འབད་རྒྱུ་ཡིན་ཞེས་བཤད་པ་རེད།།