ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

        2015-07-16

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ2015ལོའི་ཟླ་བ7པའི་ཚེས7ནས8ཉིན་བར་ཁྲེང་ཏུའུ་རུ་འཚོགས་པ་རེད།
 ཐེངས་འདིའི་གྲོས་ཚོགས་ནང་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན76དང་ཞིབ་བཤེར་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན14ཡོད་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་འདུ་ཐེངས་བཅུ་པའི་ནང་ཞུགས་མཁན་འཐུས་མིའི་ནང་གི་གཞི་རིམ་གྱི་བློ་མཐུན་དང་ཆེད་རམས་པ། མཁས་དབང་ཆ་ཤས་ཀྱང་ཟུར་ཞུགས་བྱས་ཡོད།
 ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་འགན་བཞེས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཁྱེར་(ཁུལ)། རྫོང(གྲོང་ཁྱེར་དང་ས་ཁུལ)ལ་རྒྱ་སྐྱེད་གཏོང་བ་རེད།
 ཚང་འཛོམས་གྲོས་ཚོགས་ཐོག་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་ལས་ཀའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྐབས་སུ་འཕྲོད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་ཟབ་མོ་བྱས་ཤིང་། དུས་རིམ་གསར་པའི་ནང་རང་རེའི་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྦོལ་དང་འགག་སྒྲོལ་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་།《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ནུས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་སྐྱོར་གསར་སྦོལ་གྱི་འགག་སྒྲོལ་དམག་འཐབ་ལས་རྒྱལ་ཁ་ཐོབ་པར་བྱས་ནས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཁག་ཐེག་བྱ་དགོས་པའི་གྲོས་ཆོད》ལ་གྲོས་འཆམས་བྱུང་བ་རེད།
 ཚང་འཛོམས་གྲོས་ཚོགས་ཐོག་རང་རེའི་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྦོལ་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས་མགྲིན་གཅིག་ཏུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུས་དབུལ་སྐྱོར་གསར་སྦོལ་ལས་ཀ་དེ་ཁྱོན་ཡོངས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་བྱས་ཏེ་ས་ཁུལ་དུམ་བུ་བཞི་ལ་དབུལ་སྐྱོར་འགག་སྒྲོལ་བྱེད་སྒོ་ལག་བསྟར་བྱས་པ་དང་ཏན་ཏིག་གིས་དབུལ་སྐྱོར་ལས་གྲྭ་ཆེན་པོ་ལྔ་ལེགས་འཛིན་བྱས་ནས་དབུལ་སྐྱོར་གསར་སྦོལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཞིང་ཆེན་ཡོངས་སུ་ཞིང་སྡེའི་དབུལ་ཕོངས་མི་འབོར་དེ་ཁྲི750ནས་ཁྲི497.65ལ་ཉུང་དུ་གཏོང་ཞིང་། དབུལ་ཕོངས་བྱུང་ཚད་བརྒྱ་ཆ11.5ནས་བརྒྱ་ཆ7.7ལ་མར་ཆག་པ་རེད།
 གྲོས་ཚོགས་ཐོག་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གཙོ་གནད་ནི་ཞིང་སྡེ་ཡིན་ལ། དཀའ་གནད་ནི་དབུལ་ཕོངས་ས་ཁུལ་ཡིན་པས། སི་ཁྲོན་ནི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྦོལ་འགག་སྒྲོལ་ལས་འགན་དཀའ་ཚེགས་ཆེ་ཤོས་ཀྱི་ཞིང་ཆེན་གྱི་ཡ་གྱལ་ཞིག་ཡིན་པས། ད་དུང་དབུལ་ཕོངས་ངོས་རྒྱ་ཆེ་ལ། གྲངས་འབོར་མང་བ། དཀའ་ཚད་ཆེ་བ། དབུལ་ཕོངས་མང་ཚོགས་དབུལ་ཕོངས་འགྱུར་བ་དང་དབུལ་ཕོངས་བསྐྱར་ལོག་བྱེད་པའི་རྒྱུ་རྐྱེན་མང་ཞིང་། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་པའི་རྒྱུ་རྐྱེན་མང་བ་སོགས་ཀྱི་འགྲན་སློང་དྲག་པོ་དང་འཕྲད་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་འགན་སྒྲུབ་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་ཞིང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་གྱིས་བྱས་རྗེས་བཞག་པ། བློ་ཐག་གཙང་བཅད་ཀྱིས་འཐབ་འཛིང་བྱེད་པ་བཅས་ཀྱི་ཆོད་སེམས་བརྟན་པོ་འཛིན་ཞིང་། བློ་རྩ་བརྟན་ཞིང་ཞུམ་པ་མེད་པར་མདུན་དུ་སྐྱོད་ཕོད་པའི་འཐབ་སེམས་ཞུམ་མེད་བླངས་ནས་དབུལ་བྲལ་ཕྱུག་འགྱུར་གྱི་ཁྱོན་ཡོངས་ལས་རྒྱལ་ཁ་ཐོབ་གང་ཐུབ་བྱ་དགོས།
 ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ལོ་ལྔ་ལ་གཅིག་བསྡུས་འགག་སྒྲོལ་དང་ལོ་གཅིག་སྲ་བརྟན་མཐོར་སྤར་ཞེས་པའི་བླང་བྱ་ལྟར་ཞིང་ཆེན་ཡོངས་སུ་ལོ་རེར་ཞིང་སྡེའི་དབུལ་ཕོངས་མི་འབོར་ཁྲི100ཡས་མས་སུ་མར་ཆག་ཐུབ་པར་ཁག་ཐེག་བྱས་ནས་ལོ2020ལོར་སླེབས་དུས་ཁྱོན་ཡོངས་སུ་དབུལ་ཕོངས་དབུལ་རྐྱང་མེད་པ་བཟོས་པ་དང་། ཞིང་ཆེན་ཡོངས་སུ་ཞིང་སྡེའི་དབུལ་ཕོངས་མི་འབོར་ཚང་མར་དབུལ་བྲལ་ཐུབ་པ། དབུལ་ཕོངས་རྫོང་གི་ཞིང་པའི་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང2010ལོ་ལས་ལྡབ་གཅིག་ཡན་ཆད་འཕར་བ། ཤང་ཚང་མར་ཚད་ལྡན་གྱི་ལྟེ་བའི་སློབ་གྲྭ་ཡོད་པ་དང་ཚད་གཞི་དང་མཐུན་པའི་འཕྲོད་བསྟེན་ཁང་། དམངས་ལ་སྟབས་བདེ་སྤྲད་པའི་ཞབས་འདེགས་ལྟེ་གནས། གྲོང་སྡེ་ཚང་མར་ཨར་འདམ་ལམ་དང་འཕྲོད་བསྟེན་ཁང་། རིག་གནས་ཁང་། གློག་དྲྭ་བཅས་ཡོད་པ། དུད་ཚང་ཚང་མར་ཆུ་གཙང་འཐུང་རྒྱུ་ཡོད་པ་དང་འཚོ་སྤྱོད་གློག་ཡོད་པ། རྒྱང་བསྒྲགས་བརྙན་འཕྲིན་ཡོད་པ་བཅས་བྱེད་ཅིང་། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་སྡོད་ཁང་ཡག་པོ་སྡོད་ཐུབ་པ་དང་འཚོ་བ་སྐྱིད་པོ་རོལ་ཐུབ་པ། གོམས་གཤིས་ཡག་མོ་དང་སྲོལ་བཟང་ཞིག་ཆགས་སུ་གཞུག་དགོས། 
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གི་ཏང་ཡོན་མི་སྣས་རྒྱལ་སྲུང་གཞུང་ལམ318པར་གཙང་བདར་བྱས།
  • ལེ་ཚན་རྗེས་མ།:བྲག་འགོ་རྫོང་གིས་མང་ཚོགས་ཚོགས་ཆེན་འཚོགས་ནས་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།