འབའ་ནོར་བུ་ས་ཆའི་བདེ་སྐྱིད་རོལ་དབྱངས།

བདེ་སྐྱིད་ཀྱིས་བྲིས།        2021-05-21

འབའ་ནོར་བུ་ས་ཆའི་བདེ་སྐྱིད་རོལ་དབྱངས།

གཅིག

ཨ་སྔོན་དབྱིངས་ནས་ཀྲུང་གོའི་མངའ་ཁོངས་ལ་ཐུར་ལྟ་བྱེད་དུས། མིག་ལམ་དུ་མངོན་པའི་ཁྲོན་བོད་གཞུང་ལམ་ནི་ཁམས་བོད་མཐོ་སྒང་གི་ཁྲག་རྒྱུན་ལྟ་བུ་ཞིག་ཏུ་ཆགས། སི་ཁྲོན་གཤོང་སའི་སྐམ་སའི་དཀྱིལ་རྒྱུད་ནས་མཚོ་བོད་མཐོ་སྒང་གི་འཛམ་གླིང་གི་མཐའ་སྣེ་གསུམ་པ་ཞེས་མཚན་སྙན་ཡོད་པའི་ལྷ་སར་བསྲིངས་པ་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཚོང་འདྲེན་གདལ་ལམ་ཡིན་ལ། སྤྱོད་བཟང་འདུན་ཆེ་མི་སྣ་གྲངས་མེད་ཀྱིས་ཁྲག་རྒྱུན་དང་ཚེ་སྲོག་ཕུལ་ནས་བསྐྲུན་པའི་གསར་བརྗེའི་གཞུང་ལམ་ཡང་ཡིན་ཞིང་། འདི་ནི་ཀྲུང་གོའི་མིའི་སེམས་སུ་རྔམ་བརྗིད་ལྡན་ལ་དཀའ་ཚེགས་ཆེ་ལ་མཛེས་སྡུག་ལྡན་པའི་མཁའ་ལམ་ནི་དེ་བས་ཀྱང་ཡིན། སི་ཁྲོན་དཀར་མཛེས་ཁུལ་འབའ་ཐང་རྫོང་ནི་མཁའ་ལམ་འདིའི་ས་ཚུགས་གལ་ཆེན་ཤིག་ཡིན་པར་བརྟེན། ཤར་ནས་ནུབ་ཏུ་སྐྱོད་ས་དང་ལྷོ་ནས་བྱང་བསྲིངས་པའི་འགྲིམ་འགྲུལ་ལྟེ་གནས་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།

རླངས་འཁོར་བཏང་ནས་དར་རྩེ་མདོའི་གྲོང་པ་བརྒལ་རྗེས་ང་ཚོས་གངས་རླུང་ལ་ཁ་གཏད་བཅག་ནས་སླར་ཡང་དམར་དམག་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་པ་ཡིན། ལམ་རྒྱུད་དུ་ལ་བརྒྱབ་ལུང་བརྒལ་བྱས་པའི་བར་མཚམས་སུ་ངལ་གསོ་ཕྲན་བུ་བྱས་ཏེ་བཟོ་བཅོས་ལེགས་སྒྲིག་བྱས་ཤིང་། རབ་དཀར་བའི་གོས་ཀྱིས་བཀླུབས་པའི་དར་མདོའི་རྒྱུ་ལ་བརྒལ་བའི་ཕྱི་ཉིན་པར་ཉག་ཆུ་རྫོང་གི་ཀྱག་ཀྱོག་བཅོ་བརྒྱད་ཞེས་མཚན་སྙན་ཡོད་རི་ལམ་གྲགས་ཅན་འདི་བརྒྱུད་མཐར། གནམ་སའི་བར་གྱི་གྲོང་པ་ལི་ཐང་བརྒྱུད་དེ་འབྲི་ཆུའི་ལྷོ་རྒྱུད་ཀྱི་མཐོ་སྒང་གི་ནོར་བུ་ས་ཆ་ཞེས་མཚན་སྙན་ཡོད་པའི་འབའ་ཐང་རྫོང་དུ་སླེབས་དུས་མཚན་མོའི་ཆུ་ཚོད་བརྒྱད་དང་དགུ་པར་སླེབས་ཀྱི་ཡོད།

འབའ་ནོར་བུ་ས་ཆའི་བདེ་སྐྱིད་རོལ་དབྱངས།

གཉིས།

འབའ་ཐང་རྫོང་ནི་གསར་བརྗེའི་གཏམ་རྒྱུད་ཀྱིས་ཕྱུག་པའི་གྲོང་ཁྱེར་ཆུང་ཆུང་ཞིག་རེད། དེ་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་གཏིང་རིམ་ཟབ་པའི་འབྲི་ཆུའི་འགྲམ་ངོགས་ཀྱི་སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད་པ་རེད། དམིགས་བསལ་གྱི་ས་ཁམས་ཆགས་ཚུལ་གྱི་རྐྱེན་པས་ལོ་རྒྱུས་ཀྱིས་ཀྱང་དེ་ལ་ཐུན་མོང་མ་ཡིན་པའི་ངོ་མཚར་གྱི་རང་བཞིན་སྟེར་ཡོད། ཀྲུང་གོའི་བོད་འབྲེལ་ས་ཁུལ་གྱི་གུང་ཁྲན་རིང་ལུགས་རྩ་འཛུགས་དང་པོ་སྟེ་འབའ་ཐང་གསང་བའི་ཏང་དང་དེའི་མཐའ་སྐོར་རྩ་འཛུགས“ཤར་དང་བོད་དམངས་གཙོ་གཞོན་ནུ་མནའ་འབྲེལ”ས་གནས་འདིར་དབུ་བརྙེས་ནས་བོད་འབྲེལ་ས་ཁུལ་གྱི་གསར་བརྗེའི་ཐོལ་འཆར་ལངས་པ་རེད། དམར་དམག་རྒྱང་སྐྱོད་བྱས་ནས་འབའ་ཐང་བརྒྱུད་ནས་དུས་ཡུན་ཉིན38ནང་སྤྱི་ལེ360ཙམ་བསྐྱོད་པ་རེད།

བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཟམ་སྣེའི་མཁར་རྫོང་ཞིག་ཡིན་པའི་ངོས་ནས་དཔུང་ཚོགས་བཅོ་བརྒྱད་བོད་དུ་བསྐྱོད་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་པ་རེད། བཅིངས་འགྲོལ་བཏང་མ་ཐག་ཏུ་འབའ་ཐང་རྫོང་གི་སྒར་ཆེན་དཔོན་སྡེ་སྲུང་སྐྱོབ་དམག་འཁྲུག་ནི་བོད་འབྲེལ་ས་ཁུལ་གྱི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་འཐབ་རྩོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེང་སང་། དམར་དམག་གིས་གདམ་པ་ཡུལ་ཤོག་ཧ་གསར་ཐང་གྲོང་སྡེའི་འབའ་ཆུའི་ཐོག་བཙུགས་པའི་ཟམ་པར་མང་ཚོགས་ཀྱིས་གུང་ཁྲན་ཟམ་པ་ཞེས་བརྗོད་ཀྱི་ཡོད་པ་དང་། དམར་དམག་གིས་འབྲུ་བསྡུ་གསོག་བྱས་ནས་བསྐྱོད་པའི་གཡང་མགོ་རི་ལམ་ལ་གུང་ཁྲན་ལམ་ཞེས་བརྗོད་པ། དམར་དམག་རྒྱང་སྐྱོད་བྱས་པའི་མདུང་སློང་རི་ལ་དམར་དམག་རི་བོ་ཞེས་བརྗོད་པ་རེད།

གསུམ།

འབའ་ཐང་ནི་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པ་རེད། ས་གནས་དེ་གར་འབྲུ་དྲུག་གི་མེ་ཏོག་དྲི་ཞིམ་ས་གཞི་ཡངས་པོར་འཐུལ་ན་སྐྱེ་འཚར་བྱུང་དང་འབྱུང་བཞིན་ཡོད། འདི་ལ་ནི་སྙན་འཇེབས་པི་ཝང་གི་རོལ་དབྱངས་དཀྲོལ་བ་དང་བསྟུན་ནས་འཁྲབ་པའི་འབའ་གཞས་ཀྱི་ཆོལ་ཁ་རེད། འབྲི་ཆུའི་ལྷོ་ངོགས་ཀྱི་ནོར་བུའི་ས་གཞི་རུ་རྩི་ཤིང་སྣ་ཚོགས་སྔོན་པོ་གཡུ་ཡི་གོས་བཟང་གི་རིགས་སུ་མཐུན། འདི་ལ་ནི་གནའ་བོའི་ཚོང་འགྲུལ་གདལ་ལམ་གྱི་དངོས་ཟོག་བརྗེ་སའི་ས་ཚུགས་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པའི་མཐོ་སྒང་གི་ནོར་བུ་ས་ཆ་ཡང་ཡིན། རྒྱ་བོད་སོགས་མི་རིགས་ཀྱིས་འདིར་འབྲེལ་འདྲིས་བྱས་ནས་སྤྲོ་སྐྱིད་ལྡན་པའི་འཚོ་བ་རོལ་དང་རོལ་བཞིན་ཡོད་པ་རེད།

མི་རྣམས་ཀྱི་ཡིད་དབང་འཕྲོག་པ་ནི་མདོ་དབུས་མཐོ་སྒང་གི་སྤྲིན་དཀར་དང་མཐོ་སྒང་ནོར་བུ་ས་ཆའི་འབའ་ཐང་གི་མེ་ཏོག་དང་ཤིང་སྡོང་གི་དྲི་ཞིམ་མ་ཡིན་པར། འབའ་ཐང་གྲོང་ཆུང་གི་མཚན་མོ་འོད་མདངས་བཀྲ་བའི་གློག་སྒྲོན་དང་གནམ་གྱི་སྐར་མའང་མ་རེད། དེ་ནི་ཁོ་ཚོ་དང་འདྲ་བར་བབ་ཆགས་ཞིང་མཛེས་སྡུག་ལྡན་པའི་འབའ་ཐང་གི་མི་ཡིན་པས། ལོ་ཟླའི་ནང་འགྱུར་བ་མེད་པ་ནི་འབའ་ཐང་མིའི་སེམས་པ་ཡིན་ཞིང་། ཁོ་ཚོས་ནམ་ཡང་ཆེས་ལེགས་ཞིང་མཛེས་པའི་དངོས་པོ་རྒྱང་རིང་གི་སྐུ་མགྲོན་ལ་བྱིན་བཞིན་ཡོད་པ་རེད།

བཞི།

བོད་ཆས་གྱོན་པའི་འབའ་ཐང་བ་དངོས་གནས་མཛེས་པོ་འདུག སྐྱེས་པ་སྟོབས་ཆེ་ལ་བརྗིད་ཉམས་ཆེ་བ་དང་ངོ་གདོང་དམར་མདངས་བཀྲ་བའི་ཐོག་ནས་མཐོ་སྒང་གི་ཁམས་པའི་ཕོ་རྒོད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་སྙིང་སྟོབས་མངོན་གྱི་ཡོད། བོད་ཀྱི་སྨད་གཡོག་གྱོན་པའི་བུད་མེད་ཚོས་སྒེག་ཉམས་ཀྱི་སྟངས་སྟོབས་བསྒྱུར་ནས་གཟུགས་མཛེས་མའི་བྱད་གཟུགས་མངོན། ཚོན་མདོག་རྣམ་པ་བཀྲ་བའི་སྟོང་སྐུད་ཀྱིས་བསླས་པའི་མགོ་རྒྱན་འོག་གི་བཞིན་རས་ནི་འཛུམ་དམུལ་ཉམས་ཀྱིས་ཕྱུག བྱིས་པ་རྣམས་ཀྱིས་དཔེ་ཁུག་ཁུར་ནས་དགའ་དགའ་སྤྲོ་སྤྲོའི་ངང་སློབ་གྲྭར་འགྲོ་བཞིན་ཡོད་པ་དེ་དག་རེད།

རྫོང་གྲོང་དཀྱིལ་ཐིག་གིས་དེ་གར་གནས་པའི་སྡོད་ཁང་དང་ཚོང་ཁང་། སློབ་གྲྭ སྨན་ཁང་སོགས་དང་སྦྲེལ་མཐུད་བྱས་ཤིང་། ཚོང་ཁང་ནང་ཚོང་སྒྲོམ་སྣ་ཚོགས་བསྒྲིགས་ཡོད་པ་དང་མཐོ་སྒང་གི་ས་གདན་ཡོད་ལ་འབྲི་ཆུའི་ལྷོ་རྒྱུད་ཀྱི་དར་གོས་ཡང་ཡོད། ཟ་ཁང་ནང་ལ་ཇ་བསྲུབས་མ་ཡོད་ལ་ཐུད་པ་ཡང་ཡོད་པ། རླངས་འཁོར་ཆུང་གྲས་རྒྱུན་མི་ཆད་པ་དང་ཡུལ་སྐོར་བ་ཚོས་བྲེལ་འཚུབ་ངང་སྐྱོད་བཞིན་ཡོད་པས་རྫོང་གྲོང་ནང་ཕན་སུམ་ཚོགས་པའི་རྣམ་པ་ཞིག་མངོན་བཞིན་མཆིས། རྒན་རྒོན་ཚོས་བྲག་ཅིག་འོ་སེ་ཕུང་པོ་འོག་ཏུ་ཉི་མར་བལྡེབས་ནས། རྒས་ཡོད་པའི་གནའ་བོའི་ཁྲོམ་ལམ་དང་ཤིང་སྡོང་ནི་ཁོང་ཚོས་ཉར་ཚགས་བྱས་པའི་འབྲེལ་ཡོད་འབའ་ཐང་གི་དྲན་ཤེས་ཡོད་ཚད་དུ་གྱུར།

ལྔ།

འབའ་ཐང་རྫོང་ནི་བོད་ཀྱི་གླུ་གར་སྒྱུར་རྩལ་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན་པ་དང་འབའ་གཞས་ཀྱི་ཆོལ་ཁ་ཡིན་པར་བརྟེན། 2000ལོར་ཀྲུང་གོའི་གཞས་ཀྱི་ཆོལ་ཁ་ཞེས་མིང་བཏགས་གནང་བ་རེད། གཞན་ཡང་འབའ་ཐང་ལ་ད་དུང་ལྷ་མོ་ཟློར་གར་དང་རག་པ། ཨར་སྐྲུན། གྱོན་ཆས་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཡོད་པ། འབའ་ཐང་གི་གསར་བརྗེའི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་བཞིན་ཡོད་པ་རེད།

ད་ལྟའི་བར་དུ་འབའ་ཐང་མི་དམངས་ཀྱི་དྲན་གསོའི་མེ་ལོང་དུ་གསལ་པོ་ཡོད་པ་ནི། 1950ལོར་བཅིངས་འགྲོལ་དམག་གི་དཔུང་ཚོགས་བཅོ་བརྒྱད་པ་བོད་ལྗོངས་ཕྱོགས་སུ་སྐྱོད་དུས“གནོད་པ་སྤུ་ཙམ་ཡང་མི་སྐྱེལ་བ”མང་ཚོགས་ཚང་མས་ཁོང་ཚོར་བཅིངས་འགྲོལ་དམག་ཞེས་བརྗོད་པ་དང་གུས་འདུད་ཞུ་ནས་ཐུན་མོང་མ་ཡིན་པའི“སྤྲིན་རུབ”ཀྱི་ཁོང་ཚོར་སྣེ་ལེན་གཟབ་རྒྱས་བྱས་པ་རེད། དམག་དམངས་ཚོས“སྤྲིན་རུབ”བཟའ་ནས་མཛའ་བརྩེ་ལྷུག་བརྗོད་བྱས། རྣམ་པ་འཁྲུག་ཆ་དོད་ལ་སྤྲོ་སྣང་གིས་ཁེངས་ཤིང་། ཐེངས་དེའི་ཐུག་འཕྲད་ལ་ནམ་ཡང་དྲན་གསོ་ཞུ་ཆེད། ཚང་མས“སྤྲིན་རུབ”ལ“མཐུན་སྒྲིལ་ཕོ་ལོག”ཞེས་བརྗོད་པ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་གཏེར་ལས་དབང་ཆ་ནང་བཤུག་ཡོང་འབབ་བསྡུ་ལེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན།
  • ལེ་ཚན་རྗེས་མ།:རྨི་ལམ་གྱི་ཁུག་པ་ བཅོ་བརྒྱད།
  • དོ་སྣང་ཆེ་བའི་རྩོམ།