སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ།

ལྷ་འཛོམས་ཀྱིས་བསྒྱུར།        2021-05-12

སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ།

དྲན་གསོ་ཁང་ནང་གི་བཀོད་པ།

  “གཅེན་པོ་ལགས། 1951ལོར་ཁྱེད་ཀྱིས་ཁམས་བོད་གཞུང་ལམ་བསྐྲུན་པ(རྗེས་སུ་ཁྲོན་བོད་གཞུང་ལམ་ཞེས་པའི་མིང་དུ་བསྒྱུར)དང་བོད་ལ་བཅིངས་འགྲོལ་གཏོང་ཆེད་ས་བབ་མཚོ་འཕགས་སྨི5000ལྷག་ཙམ་ཡོད་པའི་ཁྲོ་ལའི་རི་ཁུལ་དུ་སྐུ་གཤེགས་པ་ནས་ད་བར་ཁྱེད་ཀྱིས་ལོ་འཁོར70ལ་སྲུང་བ་རེད། ང་ཚོའི་མེས་རྒྱལ་དང་ལྷག་པར་དུ་ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བ་རོལ་རྒྱུ་རྙེད་ཡོད། ཏང་དང་མི་དམངས་ཀྱིས་འདི་ནས་སྐུ་གཤེགས་པའི་ཁྱེད་རང་གཏན་ནས་བརྗེད་མི་སྲིད”ཞེས་པ་འདི་ནི་སྤྱི་ཟླ5པའི་ཚེས3ཉིན་བོད་ལྗོངས་དམག་ཁུལ་གྱི་སྔོན་ཆད་ཀྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀྲང་ཧྥུ་ལི་ཡིས་གཅེན་པོ་སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་བང་སོའི་རྡོ་རིང་མདུན་དུ་ལངས་ནས་བརྩེ་སེམས་ཟབ་མོས་དེ་ལྟར་བརྗོད་པ་རེད། ཀྲང་ཧྥུ་ལི་ཡི་རྒྱབ་ཏུ་སྔོན་གཤེགས་དཔའ་བོའི་གཉེན་ཉེ་དང་བཅས་པ་ཕུད། སྡེ་དགེ་རྫོང་གི་ཚོགས་པ་ཆེན་པོ་བཞི་དང་། རྫོང་རིམ་པའི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་དང་འཁོར་ལོ་མདོ་ཡུག་ཕྱོགས་ལས་སྒྲུབ་ཨུ་ལྷན། འཁོར་ལོ་མདོ་ཡུལ་ཤོག་དང་རྡོ་མང་སྟེང་གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་དང་ཁ་བཏགས་འཁྱེར་ནས་ལམ་བཟོ་དཔའ་བོ་ཚོར་མྱ་ངན་ཟབ་མོ་ཞུས་པ་རེད།

སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ།
ཀྲང་ཧྥུ་ལིན་གྱི་ཁྱིམ་མི།

   དེ་ཉིན་ནི་སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་ཉིན་མོ་རེད། ཁྲོན་བོད་གཞུང་ལམ་གྱི་བྱང་རྒྱུད་ཁྲོ་ལའི་ཕུག་ལམ་གྱི་ཐོན་སྒོ་རུ་གསར་དུ་བཙུགས་པའི་སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་དྲན་གསོ་ཁང་ནང་གི“ནུས་མང་བྱེད་སྒོ་སྤེལ་ཡུལ”ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། གསར་བརྗེའི་གནས་གཞི་རྙིང་པའི་ཡུལ་སྐོར། དྲན་གསོའི་བྱེད་སྒོ། ཞིབ་འཇུག་སློབ་སྦྱོང་དང་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པར་མ་ཟད། ཁྲོན་བོད་གཞུང་ལམ་ཐོག་གི“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏང་རྒྱུས་བརྗོད་དོན་གཙོ་བོར་བྱས་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་དང་པོ་ཡིན་པས་མ་ཚད། སྡེ་དགེ་རྫོང་གི་སྔོན་གཤེགས་དཔལ་བོ་དྲན་གསོ་རྡོ་རིང་ཡོད་ཀྱང་དྲན་གསོ་ཁང་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ནས་དཀར་མཛེས་ཁུལ་ཡོངས་སུ་བཀྲག་མདངས་འཚེར་པའི་མིང་བྱང་གསར་པ་ཞིག་ཏུ་གྱུར་པ་རེད།

   ཤེས་རྟོགས་བྱུང་བར་གཞིགས་ན། དྲན་གསོ་ཁང་ནང་གི་རིན་ཐང་ལྡན་པའི་དངོས་རྫས་མང་པོ་ཞིག་ནི་སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་གཉེན་ཉེ་ཚོས་རིན་པ་མི་དགོས་པར་ཞལ་འདེབས་བརྒྱབ་པ་དང་། དེའི་ཐད་སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་གྱི་ཚ་བོ་ཀྲང་ཐེ་ལིན་གྱིས“ང་ཚོ་ནི་སྔོན་གཤེགས་དཔའ་བོའི་གཉེན་ཉེ་དང་རྗེས་རབས་པ་ཡིན་པའི་ངོས་ནས་བྱ་བ་དེ་དག་ངེས་པར་དུ་བསྒྲུབ་དགོས་པ་ཞིག་རེད། དེ་རིང་ང་ཚོའི་ནང་མིས་གུས་བཀུར་ཚད་མེད་ཀྱི་བསམ་པ་བཅངས་ནས་དྲན་གསོ་ཁང་སྒོ་ཕྱེ་བའི་མཛད་སྒོར་ཞུགས་པ་ཡིན། དྲིན་གཟོ་དང་སེམས་འགུལ་ཆེན་མོ་ཐེབས་བྱུང་།  སྔོན་གཤེགས་དཔའ་བོ་ཀྲང་ཧྥུ་ལིན་ཁྲོ་ལའི་རི་ཁུལ་དུ་སྐུ་གཤེགས་ན་ཡང་ཁོང་གི་རླབས་ཆེན་སྙིང་སྟོབས་དུས་གཏན་དུ་རྒྱུན་འཛིན་དང་དར་སྤེལ་གཏང་ངེས་རེད། ཏང་དང་མི་དམངས་ཀྱིས་ཁོང་བརྗེད་མེད་ལ། མི་རིགས་ཁག་གི་མི་དམངས་ཀྱིས་ཁོང་ལ་རྗེས་དྲན་ཟབ་མོ་ཞུས་པ་དང་གསར་བརྗེའི་གཞི་རྒྱུ་དུས་གཏན་དུ་རྒྱུན་འཛིན་བྱ་རྒྱུ་རེད”ཅེས་བཤད།

  1951ལོར་ཀྲང་ཧྥུ་ལིན་གནས་པའི་འབུམ་ཤོག་་བཅོ་བརྒྱད་པས་རིན་དོད་ཡོད་ཚད་བཏང་སྟེ་བོད་ལ་གཞུང་ལམ་སྐྲུན་དགོས་པའི་མའོ་ཀྲུའུ་ཞིའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཤིང་། དཀའ་ངལ་ལ་མ་འཛེམས་པར་འུ་ལག་རི་བོ་བརྒལ་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་རྗེས། ཁྲོ་ལའི་རི་བོ་ལས་བརྒལ་བའི་ཆེད་དུ་ལམ་སྐྲུན་འཐབ་འཛིང་པ་གྲངས་ལས་འདས་པ་ཞིག་གིས་གངས་འཁྱགས་གི་ཁྲོད་ནས་དཀའ་ངལ་ཁྱད་བསད་བྱས་ཏེ་གཞུང་ལམ་ཞིག་བསྐྲུན་པ་རེད། 1951ལོའི་སྤྱི་ཟླ་12པར་མཚོ་འཕགས་སྨི6168ལ་ཟིན་པའི་ཁྲོ་ལའི་རི་རྩེར་འཛེགས་ཐུབ་ཡོད། དེའི་དུས་འབར་རྫས་འཇོག་མཁན་ཚོ་དཔོན་ཀྲང་ཧྥུ་ལིན་ཡང་ལམ་སྐྲུན་ལས་ཡུལ་དུ་འབར་རྫས་འཇོག་སའི་དོང་དང་འབར་རྫས་བླུགས་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས། སྟབས་མི་ལེགས་པར་བྲག་ཐོག་ནས་ལྷུང་པའི་རྡོ་ཆེན་གྱིས་བརྒྱབ་ནས་ལོ་ན26མ་གཏོགས་སོན་མེད་པའི་ཁོང་ཉིད་སྐུ་གཤེགས་པ་རེད། ཀྲང་ཧྥུ་ལིན་གྱི་ཚེ་སྲོག་གི་གཤོག་པ་ནི་གཡང་གཟར་གྱི་ཁྲོ་ལའི་རི་ཁུལ་དུ་ཆད་ཡོད་མོད། འོན་ཀྱང་ཁོང་གིས་མཚོན་པའི་དཀའ་སྡུག་དང་འཆི་རྒྱུར་མི་སྐྲག་ཅིང་། སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པ་དང་། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་མི་རིགས་མཐུན་སྒྲིལ་བཅས་ཀྱི་ལམ་གཉིས་ཀྱི་སྙིང་སྟོབས་དུས་གཏན་དུ་རྒྱུན་འཛིན་བྱས་ནས་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་ནམ་ཡང་ཉམས་པར་མེད་པའི་སྙིང་སྟོབས་ཤིག་ཏུ་གྱུར་ཡོད།།

  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་བརྟག་ཞིབ་གནང་དུ་ཡོང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་ཕྱི་རྒྱལ་ནས་མཆེད་པའི་རིམས་ཚུལ་ནན་འགོག་བྱས་ཏེ་འགོག་ཟོན་དགོས་པའི་བླང་བྱ་བཏོན།
  • དོ་སྣང་ཆེ་བའི་རྩོམ།