མཐོ་སྒང་གི་རྩི་ཤིང་ར་བར་བརྟེན་ནས་ཡུལ་མིའི་དངུལ་ཁུག་མཐུག་པོར་ཆགས།

        2021-04-21

མཐོ་སྒང་གི་རྩི་ཤིང་ར་བར་བརྟེན་ནས་ཡུལ་མིའི་དངུལ་ཁུག་མཐུག་པོར་ཆགས།

སྒྲོལ་མ་ཆོས་མཚོ(གཡོན་གྱི་གསུམ་པ)དང་ལས་རོགས་ཚོས་མཉམ་དུ་ལས་ཀ་བྱེད་བཞིན་པའི་ཚུལ།

སྤྱི་ཟླ4པའི་ཚེས12ཉིན་གྱི་སྔ་དྲོར། རྟའུ་རྫོང་ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བའི་མེ་ཏོག་འགྲེམས་སྟོན་ཁང་དུ་སྒྲོལ་མ་ཆོས་མཚོ་དང་ལས་རོགས་ཚོས་ལ་གླུ་ལེན་ཞོར་ལས་ཀ་བྱེད་བཞིན་པའི་སྤྲོ་དགའི་རྣམ་པས་ཡོངས་སུ་ཁེངས། སྒྲོལ་མ་ཆོས་མཚོའི་ཁྱིམ་ནས་རྩི་ཤིང་ར་བའི་བར་རྐང་ཐང་དུ་སོང་ན་སྐར་མ་བཅུ་ཡས་མས་ལས་འགོར་གྱི་མེད་པས་ཐག་ཧ་ཅང་ཉེ། མོ་རང་རྩི་ཤིང་ར་བའི་ལས་མིར་གྱུར་པ་ནས་བཟུང་ཟླ་རེར་གླ་ཕོགས་སྒོར3000རག་བཞིན་ཡོད།

ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བ་དེ་རྟའུ་རྫོང་གཤིས་ཆུ་གྲོང་རྡལ་རྫོང་ནུབ་གྲོང་ཚོར་གནས་པ་དང་ན་ནིང་ཟླ་བ་བརྒྱད་པར་བསྐྲུན་ཟིན་ཡོད། ར་བ་དེ་ནི་རང་ཁུལ་གྱི་ཡུལ་དེ་གའི་རྩི་ཤིང་གསོ་སྐྱོང་དང་རིགས་འགྲེམས།འདེབས་གསོ་བཅས་གཙོ་བོར་བྱེད་སར་ཡིན་པ་དང་། རྟའུ་གྲོང་མིའི་སྡོད་ཁང་དང་ནགས་ཚལ། རྩི་ཤིང་སོགས་ས་ཁོངས་ཀྱི་གྲུབ་རྐྱེན་ཚང་མ་གཅིག་ཏུ་བསྡུས་ཡོད་ཅིང་། ཚན་རིག་ཞིབ་འཇུག་དང་། ཚན་རིག་ཁྱབ་གདལ། ཞིབ་འཇུག་སློབ་སྦྱོང་། ཡུལ་སྐོར། སྤྲོ་གསེང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འཛོམས་ཡོད་ལ། སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་ཁྱད་ལྡན་རྩི་ཤིང་ར་བ་ཐོག་མ་དེ་བསྐྲུན་རྒྱུ་དང་འབྲེལ། ལོ་གཉིས་ནང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་མཐོ་གྲང་རྩི་ཤིང་འདེབས་འཛུགས་ཐོན་ཁུངས་མཛོད་དང་པོར་རིམ་སྤོར་བྱ་རྒྱུའི་འཆར་གཞི་ཡོད།

སྒྲོལ་མ་ཆོས་མཚོ་དང་འདྲ་བར་ཁམས་ཀྱི་མཐོ་སྒང་རྩི་ཤིང་ར་བར་གླ་པ་བྱས་ནས་འབབ་འཕར་བྱུང་བའི་གྲོང་མི་མི་ཉུང་བ་ཞིག་ཡོད། རྩི་ཤིང་ར་བའི་འགན་འཁུར་བ་ཧོ་ཤིང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ནུས་ལྡན་འོག་རྩི་ཤིང་ར་བ་དེས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། 2019ལོ་ཁོ་ནར་རྩི་ཤིང་ར་བ་དེས་ས་གནས་དེ་གའི་མི་སེར་ལ་འབབ་འཕར་སྒོར་ཁྲི416ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་རྩི་ཤིང་ར་བ་བསྐྲུན་རིང་ས་གནས་དེ་གར་གནས་སྐབས་ལས་ཞུགས་ལས་གནས40མཁོ་འདོན་བྱས་པ་དང་བསྐྲུན་ཟིན་རྗེས་ཡུན་རིང་ལས་ཞུགས་ལས་གནས50ནས70བར་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

སྒྲོལ་མ་ཆོས་མཚོས་ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་ལས་ཀར་འགྲོ་བ་དང་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀར་ལས་ཀ་གྲོལ་གྱི་ཡོད་པས་ལས་ཀའི་དུས་ཚོད་ལུགས་མཐུན་ཡིན་ཞིང་། དེ་བས་གཙོ་ཆེ་བ་ནི་ཁྱིམ་དང་བར་ཐག་ཉེ་བས་ནམ་རྒྱུན་ཁྱིམ་ལས་བྱེད་པའི་དུས་ཚོད་ཡོད་ལ་ཕྲུ་གུ་སློབ་གྲྭར་སྐྱེལ་བའི་དུས་ཚོད་ཀྱང་ཡོད་འདུག སྒྲོལ་མ་ཆོས་མཚོ་ནི་རྫོང་ནུབ་གྲོང་ཚོའི་མི་ཡིན་པས་དེ་སྔར་མོས་གླ་ཚེར་བཏབ་ནས་ཡོང་འབབ་གསོག་གི་ཡོད་ཀྱང་ཟླ་རེར་སྒོར2000ཙམ་མ་གཏོགས་རག་མི་ཐུབ་ཅིང་། ཁམས་ཀྱི་རྩི་ཤིང་ར་བ་རུ་ལས་ཞུགས་བྱས་རྗེས་ཡོང་འབབ་མང་དུ་སོང་བར་མ་ཟད་ཁྱིམ་ལ་ལྟ་རྟོག་ཀྱང་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

བཟོ་པ་ཚོས་ཞིབ་མོའི་བློ་ཡིས་བདག་གཉེར་བྱས་འོག་མེ་ཏོག་འགྲེམས་སྟོན་ཁང་ནང་གི་མེ་ཏོག་མང་དུ་སོང་བ་དང་། དེའི་ཁར་ཉེ་འགྲམ་གྱི་ཟམ་ཆུང་འོག་གི་ཆུ་བོ་རྒྱུག་པའི་མཛེས་ལྗོངས་ལྟ་ན་སྡུག་པས་དྲོད་ཁང་ཡོངས་ལ་སྤྲོ་སྣང་དང་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས། ཤེས་རྟོགས་བྱུང་བར་གཞིགས་ན། དྲོད་ཁང་མེ་ཏོག་འགྲེམས་སྟོན་ཁང་གཉིས་ཡོད་ཅིང་། རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ5200ལ་ཟིན་པའི་ནང་གཅིག་གིས་རྒྱ་ཁྱོན་སྨི་གྲུ་བཞི་མ2600བཟུང་ཡོད། དེ་ནི་རང་ཁུལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་དྲོད་ཁང་ཆེ་མོ་ཞིག་ཡིན་ཞིང་།གཞན་ཡང་དྲོད་ཁང་མེ་ཏོག་འགྲེམས་སྟོན་ཁང་ལ་ད་དུང་རང་འགུལ་ཆུ་གཏོར་སྒྲིག་ཆས་དང་དྲོད་སྲུང་དྲོད་འབེབས་བྱེད་ཐབས་སོགས་དེང་རབས་ཅན་གྱི་ལག་རྩལ་སྤྱད་ཡོད།

ཧོ་ཤིང་མིང་གིས་གསར་འགོད་པར“དྲོད་ཁང་མེ་ཏོག་འགྲེམས་སྟོན་ཁང་དེ་རྟའུ་རྫོང་དུ་མེ་ཏོག་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་སྤྱོད་ཀྱི་ཡོད། ང་ཚོས་བྱེད་སྟངས་དེ་རིགས་ལ་བརྟེན་ནས་མི་སེར་ལ་མེ་ཏོག་བཏབ་ཚེ་ཡོང་འབབ་གསོག་ཐུབ་ཀྱི་ཡོད”ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བ་བསྐྲུན་པ་ནས་བཟུང་ཉེ་འཁོར་གྱི་ངལ་ལས་མི་ཐེངས800ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་པ་དང་གླ་ཆ་སྒོར་ཁྲི680སྤྲད་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར8250བྱུང་ཡོད་ཅེས་བཤད།

གསར་འགོད་པས་ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བར་སྒྲོལ་མ་ཆོས་མཚོ་དང་བཅས་པས་མེ་ཏོག་འགྲེམས་སྟོན་ཁང་ལ་དོ་དམ་བྱེད་པ་དང་ཆབས་ཅིག་ཆེད་མངགས་ས་ཞིང་སྒྱུར་ལོག་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་མཐོང་། ཧོ་ཤིང་མིང་གིས་ལས་མི་དེ་དག་མང་ཆེ་བ་རྫོང་ནུབ་གྲོང་ཚོའི་ཡིན་པ་དང་ལས་མི་སྤྱད་རྒྱུ་དེ་རྫོང་ཡོངས་ལ་ཁྱབ་པའི་རྩ་དོན་གཞིར་བཟུང་ནས་རྩི་ཤིང་ར་བའི་ཡུལ་བབ་དང་བསྟུན་པའི་གྲོང་སྡེ་དེའི་ཁྱིམ་ཚང་ཚང་མར་མི་ཡོད་པས་ར་བར་ལས་ཀ་བྱེད་པ་དང་འབྲེལ་གྲོང་མི་གཞན་ལའང་ལས་ཞུགས་ཐད་ལྟ་སྐྱོང་ངེས་ཅན་བྱས་ཡོད་ཅེས་འགྲེལ་བཤད་བརྒྱབ། བསྡོམས་རྩིས་བྱས་པར་གཞིགས་ན། ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བ་སྐྲུན་མགོ་ཚུགས་སྐབས་ཉིན་རེར་མང་ཤོས་སུ་ས་གནས་དེ་གའི་མི100ལྷག་ཙམ་ལས་ཀ་བྱེད་པར་ཡོང་གི་ཡོད།

འདི་ལོ་ཇི་ལྟར་བྱས་ནས་མི་སེར་གྱི་འབབ་འཕར་ལ་མུ་མཐུད་དེ་སྐུལ་ཁྲིད་བྱེད་པའི་གནད་དོན་ཐད་ཧོ་ཤིང་མིང་གིས་འདི་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་མགོ་ཚུགས་པའི་ལོ་ཞིག་དང་ཡུལ་སྡེ་དར་རྒྱས་གཏོང་མགོ་ཚུགས་པའི་ལོ་ཞིག་ཡིན་པས་རྩི་ཤིང་ར་བས་ནུས་ཤུགས་ཡོད་རྒུས་མི་སེར་གྱི་འབབ་འཕར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད། དེའི་ཕྱིར་རྒུད་གསབ་ལས་སྤྲོད་ཀྱི་དོ་དམ་བྱ་ཐབས་ལ་གཞིགས་ནས་རྩི་ཤིང་ར་བས་འཕེལ་རྒྱས་གྲོན་དངུལ་ནང་ནས་སྒོར་ཁྲི80བླངས་ནས་ས་གནས་དེ་གའི་མི་སེར་ལ་འབབ་འཕར་ཡོང་ཆེད་གསོན་ཤུགས་གསར་པ་སྣོན་རྩིས་ཡོད།

མེ་ཏོག་འདེབས་འཛུགས་ལ་དམིགས་པ་དང་མེ་ཏོག་བྲིན་ཚོང་ལ་སྣང་ཆེན་བྱས། མི་སེར་གྱི“དངུལ་ཁུག”བརྟན་པོ་སྲུང་ཆེད། ཧོ་ཤིང་མིང་གིས་དྲོད་ཁང་ཆེ་མོ་གཉིས་ཀྱི་མེ་ཏོག་འགྲེམས་སྟོན་ཁང་ལ་འཆར་འགོད་གསར་པ་བཞག་ཡོད། ཁོང་གིས་བལྟས་ན། ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ནི་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཡིན་པ་དང་། ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་རོགས་རམ་ནུས་ལྡན་བྱ་དགོས་ན་ངེས་པར་དུ་ཁྱད་ཆོས་ལྡན་པའི་མེ་ཏོག་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཁམས་བྱང་ས་ཁུལ་གྱི་མེ་ཏོག་ཁྲོམ་ར་ཆེ་ཤོས་སུ་འགྱུར་རྒྱུ་དང་འབྲེལ་ཁམས་ལྷོ་དང་ཐ་ན་ཆབ་མདོ་སོགས་སུ་སྣུར་བསྲིང་བྱ་རྒྱུའི་བརྩོན་ལེན་བྱ་དགོས་ཀྱི་ཡོད། དམིགས་ཚད་དེ་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་མི་སེར་ལ་ལག་རྩལ་སྦྱོང་བ་དང་། མེ་ཏོག་འདེབས་པ། ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་ཆེད་དེ་བས་ལེགས་པའི་སྒོ་ནས་ལེགས་སྐྱེས་འབུལ་དགོས་ཞེས་བཤད། ད་སྔར་ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་རྒྱབ་སྐྱོར་བྱ་ཆེད། རྟའུ་རྫོང་གིས་ཆེད་མངགས་ཡུལ་སྐོར་མ་འཇོག་སྤྱི་གཉེར་ཁང་བཙུགས་ནས་འབྲེལ་ཡོད་ལས་དོན་སྦྲེལ་མཐུད་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

སྤྲོ་གསེང་གཏང་རྒྱུ་ནི་ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བའི་གནས་བབ་གཞན་ཞིག་རེད། རྩི་ཤིང་ལྡུམ་རའི་ནང་གསར་འགོད་པས་གོམ་བགྲོད་ཡུལ་སྐོར་ལམ་དང་། གཞུ་དབྱིབས་བར་ཁྱམས། རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་པ་སོགས་ཡུལ་སྐོར་སྒྲིག་ཆས་ཆ་ཚང་ཡོད་པ་མཐོང་། ཧོ་ཤིང་མིང་གིས་གླིང་ཁུལ་གྱིས་ཁམས་ཁུལ་གྱི་རྩ་ཆེན་སྟོངས་ལ་ཉེ་བའི་རྩི་ཤིང་འཚོལ་བསྡུ་དང་ཉར་ཚགས་བྱ་རྒྱུ་དེ་གསོ་ཚགས་དང་འདུལ་གསོ་རྟེན་གཞིར་བྱས་ནས་མི་ཐབས་ལ་བརྟེན་པའི་སྐྱེད་ཚལ་གྱི་མཛེས་ལྗོངས་དང་རང་བྱུང་སྔོ་ཁེབས་ཀྱི་མཛེས་ལྗོངས་ཟུང་འབྲེལ་བྱས་ཏེ་རྫོང་ཕྱི་ནང་གི་ཡུལ་སྐོར་བར་ཡུལ་ཕྱོགས་གཅིག་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཁམས་ཀྱི་མཐོ་སྒང་གི་རྩི་ཤིང་ར་བར་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་དཔྱད་བསྡུར་གཏན་འབེབས་བདེ་བླག་ངང་བརྒྱུད་དེ་རྒྱལ་ཁབ་ཀྱིAགསུམ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གྱུར་ཡོད། མེ་ཏོག་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ཀྱི་ཐུན་མོང་ནུས་པའི་འོག་རྩི་ཤིང་ར་བ་དེས་ས་གནས་དེ་གའི་མི་སེར་ལ་སླར་ཡང་འབབ་འཕར་ཡོང་བར་ཡར་ཐོག་ཡར་བརྩེགས་བྱེད་ཅིང་། ས་གནས་དེ་གའི་ཡུལ་སྡེ་དར་རྒྱས་ཡོང་རྒྱུར་ལེགས་སྐྱེས་གསར་པ་འབུལ་ཐུབ་ལ། ཧོ་ཤིང་མིང་གིས་བཤད་པ་བཞིན་ཇི་ལྟར་བྱས་ནས་མི་སེར་གྱི‘དངུལ་ཁུག’སྲུང་སྐྱོང་ཡག་པོ་བྱེད་པར་ང་ཚོས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་སྤེལ་བཞིན་ཡོད། ད་ཆ་ཡུལ་སྡེ་དར་རྒྱས་གཏོང་བའི་དུང་བརྡ་བཏང་ཟིན་པ་དང་ང་ཚོས་ངེས་པར་དུ་གོམ་སྟབས་མྱུར་བསྙེགས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཡུལ་གྱི་གཡུལ་སར་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་ས་ལྔ་ལུང་ཡུལ་ཤོག་གི“སྤྱི་ཟླ4པའི་ཚེས8”ཉིན་གྱི་ནགས་ཚལ་མེ་སྐྱོན་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་ཡོད།
  • ལེ་ཚན་རྗེས་མ།:ལི་ཐང་ཞིང་འབྲོག་མང་ཚོགས་ཀྱིས་བློ་བདེའི་ཞིང་ལས་རྒྱུ་ཆས་ལེན།
  • དོ་སྣང་ཆེ་བའི་རྩོམ།