རྒྱལ་ཡོངས་དམངས་ཆེན་འཐུས་མི་གཉའ་རྒྱལ་མཚན་གྱིས་སྙིང་བཅུད་རྒྱུད་འཛིན་དང་དྲང་སྲུང་གསར་གཏོད་བྱས་ནས་རྒྱ་བོད་སྨན་ཤེས་ལྡན་མི་སྣ་འཛུགས་སྐྱོང་བྱ་དགོས་ཞེས་པའི་གྲོས་མགོ་ཕུལ།

ལྷ་འཛོམས་ཀྱིས་བསྡུས་བྲིས་བྱས།        2021-03-17

རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོག་པའི་རིང་ལ་རང་ཁུལ་གྱི་འཐུས་མི་གཉའ་རྒྱལ་མཚན་གྱིས་བོད་ལུགས་ཁོངས་སུ་གཏོགས་པའི་ཀྲུང་ལུགས་གསོ་རིག་ཚང་མ་ནི་ཉམས་མྱོང་གསོ་རིག་གི་ཁོངས་སུ་གཏོགས་མོད། འོན་ཀྱང་དེང་སང་གི་སློབ་གྲྭའི་སློབ་ཁྲིད་ཁྲོད་དུ་ཕྱི་ལུགས་གསོ་རིག་ཤུགས་ཆེ་ཞིང་། རིག་པའི་གཞུང་ལུགས་ལ་མཐོང་ཆེན་ལས་ལག་ལེན་ལ་དེ་ཙམ་ཞིག་མཐོང་ཆེན་བྱེད་ཀྱི་མེད། ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་སྲོལ་རྒྱུན་གྱི་རིགས་གཞུང་དང་ཤེས་ལྡན་མི་སྣ་སྐྱོང་ཐབས་འདོར་རྒྱུ་མེད་ཅེས་བཤད། གཉའ་རྒྱལ་མཚན་ནི་རྒྱལ་ཡོངས་རྒྱ་བོད་སྨན་ཆེད་རམས་པའི་ཉམས་མྱོང་བརྒྱུད་འཛིན་པ་ཚན་འབོར་གསུམ་པ་ཡིན་པའི་ཆ་ནས་ཡུན་རིང་པོར་བོད་སྨན་གྱི་ནད་ཐོག་བརྟག་དཔྱད་དང་སློབ་ཁྲིད། ཚན་ཞིབ། དོ་དམ་སོགས་ཀྱི་ལས་ཀ་ཞུགས་ཤིང་། མིག་སྔར་རྒྱལ་ནང་དུ་རིན་ཆེན་བཙོ་ཐལ་ཞུ་བཟོའི་ལག་རྩལ་ཤེས་མཁན་ཉུང་ཉུང་ནང་གི་གཅིག་ཡིན་པས། ཁོང་གིས་ལོ་མང་རིང་ལ་བཅོས་དཀའ་བའི་ནད་རིགས་སྣ་ཚོགས་ཀྱི་དམིགས་བསལ་བཅོས་སྟངས་ཕྱོགས་བསྡོམས་བྱས་ཤིང་། གཙོ་བོར་ནང་ནད་ཚན་ཁག་གི་ནད་རིགས་དང་དབང་རྩྭའི་ནད་སོགས་བཅོས་མཁས་པ་དང་། ཆ་སྙོམས་ལོ་རེར་མི་ཁྲི་གཅིག་ཙམ་ལ་ནད་ལྟ་བཅོས་བྱས་ཡོད། ཁོང་ནི་རྒྱལ་ནང་དུ་རིགས་མཐུན་ལས་རིགས་ནང་ཅུང་སྐད་གྲགས་ཡོད་ལ། རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཟུར་ལུགས་བོད་སྨན་གྱི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པའང་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན་ཆེད་རམས་པ་ཡིན་པས། ལས་རིགས་ཁྱབ་ཁོངས་དེའི་ནང་གི་སྣེ་ཁྲིད་མི་སྣ་རུ་གྱུར།

རྒྱལ་ཡོངས་དམངས་ཆེན་འཐུས་མི་ཞིག་བྱས་ནས་གཉའ་རྒྱལ་མཚན་གྱིས་པེ་ཅིང་མ་འགྲོ་སྔོན་ལ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྦྱོང་དང་བོད་སྨན་གྱི་འཕེལ་རྒྱས་དང་བོད་སྨན་དེ་རྒྱ་ཡུལ་དུ་འཚོང་རྒྱུ་སོགས་ཀྱི་ཐད་རྨང་གཞི་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད།

སྲོལ་རྒྱུན་གྱི་བོད་སྨན་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་སྟངས་ནི་དམངས་ཁྲོད་ཀྱི་རྒན་སློབ་བརྒྱུད་འཛིན་དང་ཕ་བུ་བརྒྱུད་འཛིན་སོགས་ཡོད། ཡིན་ན་ཡང་ད་ལྟ་རང་རྒྱལ་གྱི་ལས་གཉེར་སྨན་པའི་སྐོར་གྱི་བཅའ་ཁྲིམས་ནང་ལ་སློབ་རིམ་གྱི་བླང་བྱ་ངེས་པོ་བཏོན་ཡོད། ཕྱི་ལུགས་གསོ་རིག་ལ་སློབ་རིམ་གྱི་བླང་བྱ་ཡོད་པ་བསམ་མཐུན་བྱུང་ལ། ཡིན་ན་ཡང་བོད་སྨན་ལ་དེའི་ཚད་ལྡན་ནང་བཞིན་བླང་བྱ་བཏོན་ན་སྲོལ་རྒྱུན་གྱི་རྒན་སློབ་བརྒྱུད་འཛིན་སོགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ངེས་རེད། དེའི་སྐོར་ལ་ཁོས་བོད་སྨན་ཤེས་ལྡན་མི་སྣ་གསོ་སྦྱོང་དེ་སློབ་གྲྭ་ཕུད། དམངས་ཁྲོད་ཀྱི་བརྒྱུད་འཛིན་ལའང་མཐོང་ཆེན་བྱ་དགོས་པའི་གྲོས་མགོ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གྱིས་ཞིང་པ་གླ་པ་ལས་གནས་སུ་ལོག་པར་སྲུང་ སྐྱེལ་བྱས།
  • ལེ་ཚན་རྗེས་མ།:ཞིང་ལས་དུས་ཚོད་མི་འགྱངས་པར།། དཔྱིད་རྨོད་ཐོན་སྐྱེད་ལས་ལ་བྲེལ།།
  • དོ་སྣང་ཆེ་བའི་རྩོམ།