དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ཡུལ་སྡེ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།

སྐལ་ཐུབ་ཀྱིས་བསྒྱུར།        2021-01-19

 ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བ་དང་། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཞིང་ལས་ལ་ཕན་འདོགས་པ།རིག་གནས་ལ་བརྟེན་ནས་ཞིང་ལས་གསོ་སྐྱོང་། ཤེས་ལྡན་པས་ཞིང་ལས་ལ་རོགས་རམ། ཏང་འཛུགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་དང་། དབུལ་ཐར་འགག་སྒྲོལ་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་ཁྲིད་སྟོན། བཟོ་ཞིང་ཕན་ཚུན་སྐུལ་སྤེལ། གྲོང་ཡུལ་ཕན་ཚུན་གསབ་རེས། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་དུ་དར་རྒྱས་བཅས་ཀྱི་བཟོ་ཞིང་དང་གྲོང་ཡུལ་གྱི་འབྲེལ་བ་གསར་པ་ཆགས་པར་སྐུལ་འདེད་བཅས་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྐུལ་སྤེལ་བྱ་དགོས།

—ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་དང་འགྲན་རྩོད་བྱེད་ནུས་ཆེ་རུ་གཏང་དགོས། ས་ཞིང་དང་ལག་རྩལ་ལ་བརྟེན་འབྲུ་རིགས་གསོག་འཕེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱེད་པ། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་ཞིང་། འབྲུ་རིགས་ཐོན་སྐྱེད་ཀྱི་བདེ་འཇགས་འགན་ལེན་བཅས་བྱ་དགོས།ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ས་ཁོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། འབྱུང་འཕྲོད་ཀྱི་ཁྲིད་ཕྱོགས་དང་། ཚད་གཞིའི་ཁྲིད་སྟོན།སྤུས་ཚད་ཉེན་མེད་ལྟ་སྐུལ་དོ་དམ་བཅས་ཀྱི་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་པའི་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། འབྲུ་རིགས་སྤུས་དག་གི་ལས་གཞིར་སྐུལ་སྤེལ་གཏོང་བ་བཅས་བྱ་དགོས། ཞིང་ལས་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཞིང་ཁའི་ལས་གྲྭ་ལག་ལེན་བསྟར་ཞིང་། ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་སོན་བཟང་ཆུ་ཚད་མཐོ་རུ་གཏོང་ཞིང་། སྲོག་ཆགས་ཀྱི་རིམས་འགོག་དང་ཞིང་ལས་ལོ་ཏོག་གི་ནད་དང་འབུའི་གནོད་པ་འགོག་བཅོས་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས།དེང་རབས་ཀྱི་ཞིང་ལས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་ནུས་ཡོད་པའི་དྲོད་ཁང་སོགས་སྒྲིག་བཀོད་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དེང་རབས་ཞིང་འབྲོག་ལས་ཀྱི་འཕྲུལ་ཆས་སྒྲིག་ཆས་ཁྱབ་གདལ་བེད་སྤྱོད་བཅས་བྱ་དགོས། རིག་ལྡན་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། གྲངས་འཛིན་ཞིང་ལས་འཕེལ་རྒྱས་མགྱོགས་སུ་གཏོང་ཞིང་། སོས་ཉར་དང་འཁྱགས་ཉར་མཛོད་ཀྱི་འཁོར་འབྲེལ་ཟོག་འགྲེམས་མ་ལག་འཛུགས་ཤིང་། གནམ་གཤིས་ཀྱིས་ཞིང་ལས་ལ་རོགས་རམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།

—ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏང་དགོས། “གྲོང་ཚོར་ཐོན་ལས་ཡོད་པ་དང་དུད་ཚང་ལ་ལས་ཞུགས་ཡོད་པའི”རྩ་དོན་ལྟར་ཐོན་ལས་ཀྱི་སྤེལ་སྟངས་ལེགས་སུ་གཏོང་ཞིང་། དེང་རབས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་བཏང་ནས་ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏང་དགོས། ཞིང་འབྲོག་པ་ཕྱིར་ལས་ཀ་བྱེད་པར་བསྐྱོད་རྒྱུའི་འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། རྩལ་ནུས་ལྡན་པའི་ངལ་རྩོལ་ནུས་ཤུགས་གོ་རིམ་ལྡན་པའི་ངང་གནས་སྤོའི་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཉེར་སྤྱོད་ཤེས་བྱ་དང་རྩལ་ནུས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་ནན་ཏིག་བཏང་ནས་ཞིང་འབྲོག་མང་ཚོགས་རྣམས་ཉེ་སར་ལས་ཞུགས་ཐུབ་པ་བྱ་དགོས། ཞིང་སྡེའི་ལས་རིགས་སྤྱི་གཉེར་བའི་གསོ་སྦྱོང་ལ་ཤུགས་བསྣན་དགོས། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་ཤུགས་ཆེན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱ་དགོས། ས་ཞིང་དང་། རྩྭ་ཐང་། ནགས་ས། བེད་མེད་དུ་བཞག་པའི་ཁང་ས་སོགས་ཀྱི་ཐོན་ཁུངས་ཕན་སྒྱུར་ཤུགས་ཆེན་བྱས་ཏེ་ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་ཡུལ་མི་རྐང་མིར་འགྱུར་ཐུབ་པ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏང་དགོས། རྒྱལ་ཁབ་ཀྱི་དམངས་ཕན་ཞིང་སྐྱོར་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁ་གསབ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཡོད་པ་འགན་ལེན་ཏན་ཏིག་བྱ་དགོས།

—ཡུལ་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱ་དགོས། ཡུལ་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཡུལ་བབ་དང་བསྟུན་ནས་ཞིང་ཁུལ་དང་།འབྲོག་ཁུལ།རོང་མ་འབྲོག་ཁུལ་བཅས་ཀྱི་ཡུལ་སྡེའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྱད་ལྡན་ཐོན་ལས་རྟེན་གཞི་དང་། ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་གྲས། ཞིང་སྡེའི་ཕྱོགས་བསྡུས་སྒྲིག་གཞི། སྤྲོ་གསེང་ཡུལ་སྡེ།ཁྱད་ཆོས་ལྡན་པའི་གྲོང་ཚོ་བཅས་ཚན་པ་གཅིག་གསར་འཛུགས་བྱ་དགོས། གྲོང་རྡལ་དང་གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་ཆེན་རིམ་པའི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ་བསྐྲུན་ཅིང་། ལོ་རྒྱུས་ཀྱི་དྲན་འཆར་དང་།ས་ཁོངས་ཀྱི་ཁྱད་ཆོས། དམངས་སྲོལ་གྱི་ཁྱད་ཆོས། ཡུལ་སྡེའི་དགའ་སྣང་བཅས་ལྡན་པའི་དེང་རབས་ཀྱི་ཡུལ་སྡེ་ཚན་པ་གཅིག་བསྐྲུན་དགོས། ཡུལ་བབ་དང་བསྟུན་ཏེ་མཐོ་སྒང་ཞིང་འབྲོག་ཁུལ་གྱི“གསང་སྤྱོད་ཁང་གསར་བརྗེ”དང་། འཚོ་བའི་གད་སྙིགས་གཙང་སེལ། བཙོག་ཆུ་གཙང་བཅོས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ཞིང་། གཙང་པོ་དང་མཚེའུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏང་དགོས།གྲོང་སྡེའི་ཆུ་དང་། གློགལམ།འཕྲིན་གཏོང་།རླུང་འཕྲིན་བརྙན་འཕྲིན།ཟོག་འགྲེམས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གཉེར་སྐྱོང་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། ཡུལ་ཤོག་དང་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་སྡེའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་། དམངས་བདེ་ཞབས་ཞུའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཐོན་རྫས་བཅས་གང་མགྱོགས་འཐུས་ཚང་དུ་གཏོང་ཞིང་། བདེ་ཐང་གི་ཡུལ་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྟབས་བདེ་བའི་ཡུལ་སྡེའི་འཚོ་བའི་ཁོར་ཡུག་འཛུགས་སྐྲུན་བཅས་བྱ་དགོས། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་དང་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྲོལ་རྒྱུན་གྲོང་སྡེ་ཡུག་གཅིག་ཏུ་འབྲེལ་བར་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།

—དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུའི་བར་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱ་དགོས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་ཆེར་གཏོང་བའི་ལས་གྲྭ་ལག་ལེན་བསྟར་ནས། “ཐག་རིང་དང་།མཐའ་མཚམས།མཐའ་ཁུག”བཅས་མཐའ་གསུམ་དུ་གནས་པའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལ་མུ་མཐུད་དེ་སྐུལ་འདེད་གཏང་དགོས། “མི་ལེན་པ་བཞི་”ཡི་བླང་བྱ་དོན་འཁྱོལ་བྱས་ཏེ། ཐོན་ལས་དང་།ལས་ཞུགས།ས་ཞིང་།དངུལ་རྩའི་སྲིད་ཇུས་བཅས་བེད་སྤྱོད་ཡག་པོ་བྱེད་པ་དང་། ཁེབས་ཁྱོན་ཆེ་རུ་གཏོང་ཞིང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་ཅིང་། གྲུབ་རྐྱེན་གཙོ་བོའི་བཀོད་སྒྲིག་དང་། མ་དངུལ་འཇོག་པ། སྤྱི་པའི་ཞབས་ཞུ་བཅས་ཞིང་ལས་དང་ཞིང་སྡེ་ལ་ཕྱོགས་པར་སྐུལ་འདེད་གཏང་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དུས་བཀག་ལྟར་ཞིབ་བཤེར་བྱེད་ཅིང་། དུས་ཐོག་ཏུ་ཤེས་རྟོགས་དང་དུས་ཐོག་ཏུ་རོགས་སྐྱོར།འགུལ་རྣམ་ཁྲོད་དུ་གནད་དོན་གཅིག་ཀྱང་མི་ལུས་པ་བཅས་བྱ་དགོས། བྱོལ་འགོག་སློབ་སྐྱོང་གི་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པ་བཅས་བྱས་ནས་ཡུལ་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་དགོས།དབུལ་ཐར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་དང་དར་རྒྱས་ཞན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། དབུལ་ཕོངས་སུ་འགྱུར་རྐྱེན་དང་དབུལ་ཕོངས་སུ་བསྐྱར་དུ་ལོག་པ་སྔོན་འགོག་བྱ་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་། ཁ་གཏད་རོགས་སྐྱོར། སྤྱི་ཚོགས་ཀྱི་སྟོབས་ཤུགས་རོགས་སྐྱོར་ལ་ཞུགས་པ་སོགས་ཀྱི་ལམ་སྲོལ་ལ་མུ་མཐུད་དེ་སྐུལ་འདེད་གཏང་དགོས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་དང་། ཉག་ཆུ། འབྲི་ཆུ་བཅས་འབབ་རྒྱུད་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་འཛུགས་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས།

—ཞིང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། ཞིང་སྡེའི་འགན་གཙང་བླངས་པའི་ས་ཞིང་གི་“དབང་གསུམ་ལོགས་འབྱེད་”ལམ་ལུགས་དོན་འཁྱོལ་དང་། ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་སྲུང་འཛིན་བྱེད་ཅིང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚད་ཚང་རྗེས་ད་དུང་ལོ་30ནར་འགྱངས་བྱ་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ས་ཞིང་འཁོར་རྒྱུག་ཚད་ལྡན་ཡོང་བར་ཁྲིད་སྟོན་བྱེད་ཅིང་། གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱ་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བ།ཁང་ས་“དབང་གསུམ་ལོགས་འབྱེད་”ལ་འཚོལ་ཞིབ་བྱེད་ཅིང་། བེད་མེད་དུ་བཞག་པའི་ཁང་ས་དང་བེད་མེད་སྡོད་ཁང་གང་འགབ་ཅི་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཞིང་། ཞིང་སྡེའི་ཐུན་མོང་ཚོང་གཉེར་རང་བཞིན་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་ཁྲིམས་ལྟར་ཁྲོམ་རར་ཞུགས་པར་སྐུལ་འདེད་བརྟན་པོ་གཏང་དགོས། ཞིང་འབྲེལ་ཁེ་ལས་དང་།ཞིང་པའི་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་ར། ཐུན་མོང་འབྲོག་ར་སོགས་ཞིང་ལས་ཚོང་གཉེར་བྱེད་པོ་གསར་པ་གང་མགྱོགས་སྐྱེད་སྲིང་བྱེད་པ་དང་། ཞིང་ལས་ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འབྲེལ་མཐུད་དམ་ཟབ་ཡོང་བ་བྱ་དགོས། ཡུལ་སྡེ་དར་རྒྱས་གཏོང་བའི་ནོར་སྲིད་ཀྱི་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་གྱིས་སྡེབ་སྒྲིག་དང་བཀོལ་སྤྱོད་བྱ་དགོས། ཡུལ་སྡེ་དར་རྒྱས་གཏོང་བའི་ཞིང་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་དངུལ་བུན་གྱི་ཉེན་ཁའི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏང་དགོས།ཞིང་སྡེའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་ཀྱི་འགན་བཅོལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཚད་ལྡན་ངང་འཁོར་སྐྱོད་ཡོང་བར་བྱ་དགོས།

  • ལེ་ཚན་སྔོན་མ།:དགུན་གྱི་རང་མདངས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དམངས་འཚོ་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་མ་ལག་ཤུགས་ཆེན་བཙུགས།
  • དོ་སྣང་ཆེ་བའི་རྩོམ།