“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ།

སྐལ་ཐུབ་ཀྱིས་བསྒྱུར།        2021-01-12

    “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་དཀར་མཛེས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། དུས་ཐུང་དང་ཕུགས་རིང་ལ་གཅིག་གྱུར་འཆར་འགོད་བྱེད་པ། དགོས་མཁོ་དང་འགྲུབ་ཐུབ་ཚད་ཚང་མར་ལྟ་རྟོག་བཅས་བྱས་ནས་སླད་ཕྱིན་ལོ་ལྔའི་ནང་གཤམ་གསལ་གྱི་དམིགས་འབེན་མངོན་འགྱུར་ཧུར་ཐག་བྱ་དགོས།

—སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་གསར་དུ་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་ཆེར་གཏོང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡིན་ཞིང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་བ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་དཀར་མཛེས་དང་དུས་བདེའི་དཀར་མཛེས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། འཕེལ་རྒྱས་ཀྱི་བདེ་འཇགས་འགན་ལེན་དེ་བས་ནུས་ལྡན་བཅས་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བསྐྲུན་ཐུབ་པ་བྱ་དགོས།

—དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་བསླེབ་པ། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་བཅས་ཀྱི་ལོ་རེའི་ཆ་སྙོམས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ཐུབ་པ། དཔལ་འབྱོར་ཆགས་ཚུལ་དེ་བས་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་རྒྱལ་ཡོངས་བོད་རིགས་རང་སྐྱོང་ཁུལ་གྱི་མདུན་གྲལ་དུ་སླེབས་པ་དང་། བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་སྟོབས་ཆེའི་ཁུལ་བསྐྲུན་ཐུབ་པ་བྱ་དགོས། 

—སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་འབྱུང་བ། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མིའི་སེམས་ལ་སྔར་བས་ཟུག་པ་དང་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་དམངས་ཡོངས་ཀྱི་རང་རྟོགས་སུ་འགྱུར་བར་བྱ་དགོས། ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་སོང་ཞིང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་སོང་བ། འབྱུང་འཕྲོད་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྒྲིབ་དངོས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གང་མགྱོགས་སུ་འཛུགས་སྐྲུན་བྱ་དགོས།

—དམངས་འཚོའི་བདེ་སྐྱིད་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱ་དགོས། དེ་བས་ལེགས་པ་དང་སྤུས་ཚད་སྔར་བས་མཐོ་བའི་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མགྱོགས་པ་དང་། ཡོང་འབབ་ཀྱི་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་། དམངས་ཡོངས་ཀྱི་སློབ་གསོ་དང་ལེན་བྱེད་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། འཕྲོད་བསྟེན་བདེ་ཐང་གི་མ་ལག་དེ་བས་འཐུས་སྒོ་ཚང་བ།རིམ་པ་མང་བའི་སྤྱི་ཚོགས་འགན་ལེན་མ་ལག་དེ་བས་འཐུས་སྒོ་ཚང་བ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་རིགས་ས་ཁུལ་གྱི་ཆུ་ཚད་དེ་བས་མཐོ་བའི་འབྱོར་འབྲིང་འཚོ་བའི་དཔེ་སྟོན་ཁུལ་སྐྲུན་ཐུབ་པ་བྱ་དགོས།

—སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོར་འདེགས་གསར་པ་འབྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་ཇེ་དྲག་ཏུ་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་སེམས་ལ་ཟུག་པ་དང་བྱ་སྤྱོད་ཐོག་ཕན་འབྲས་ཐོན་པ། མི་དམངས་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྲོལ་སྔར་བས་བཟང་དུ་ཕྱིན་ཞིང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དང་རིག་གནས་ཐོན་ལས་མ་ལག་སྔར་བས་འཐུས་ཚང་དུ་འགྲོ་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་སོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་སོང་བ་བཅས་བྱས་ནས་མི་རིགས་རིག་གནས་གང་ལེགས་མངོན་པའི་རིག་གནས་ཡུལ་སྐོར་གྱི་སྟོབས་ཆེའི་ཁུལ་བསྐྲུན་དགོས།

—རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཚད་བརྒལ་གསར་པ་འབྱུང་བ། འགྲིམ་འགྲུལ་གྱི་འགག་རྩའི་ཚོད་འཛིན་ཞི་ལྷོད་དངོས་སུ་ཕྱིན་ནས་ལྕགས་ལམ་དང་། གཞུང་ལམ། གནམ་ཐང་བཅས་སྐྲུན་པར་དཔུང་གཤིབ་མཉམ་སྐྱོད་དང་ཡོངས་འབྲེལ་ཡོངས་ཐར་ཐུབ་ནས་འགྲོ་འོང་ཐོགས་པ་མེད་པ་དང་། སྐོར་ལམ་དང་ལམ་དྲྭ་ཆགས་པ། བདེ་འཇགས་སྟབས་བདེ་ཡིན་པ། ཞབས་ཞུ་འཐུས་ཚང་ཡིན་པ་བཅས་ཀྱི་དེང་རབས་ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆ་ནས་བསྐྲུན་ཟིན་ཅིང་། གློག་ཤུགས་འགན་སྲུང་དང་ཕྱིར་གཏོང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་སོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏང་བ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་རགས་ཙམ་ཆགས་པ་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་བ་གལ་ཆེན་དུ་བསྐྲུན་ཐུབ་པ་བཅས་སོ།།

—བཅོས་བསྒྱུར་སྒོ་འབྱེད་ཐད་གོམ་སྟབས་གསར་པ་སྤོ་ཐུབ་པ། གཙོ་གནད་ཁྱབ་ཁོངས་དང་། འགག་རྩ་ཐུག་སའི་བཅོས་བསྒྱུར་དང་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་ཀྱི་ཐད་ཚད་བརྒལ་དེ་བས་ཆེན་པོ་འབྱུང་བ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གོ་ཆོད་པོ་འབྱུང་བ་དང་། སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་པ་གཞི་རྩའི་ཆ་ནས་འགྲུབ་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་ཆེ་བ། སྒོ་འབྱེད་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་རྒྱ་ཆེར་སོང་བ། བོད་འབྲེལ་ས་ཁུལ་གྱི་སྒོ་འབྱེད་དང་མཉམ་ལས་ཀྱི་མཐོ་ས་གསར་པ་ཞིག་ཏུ་བསྐྲུན་དགོས།

  • ལེ་ཚན་སྔོན་མ།:“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རྩ་དོན།
  • ལེ་ཚན་རྗེས་མ།:2035ལོའི་དཀར་མཛེས་ཁུལ་འདི་འདྲ་ཞིག་ཡིན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།