ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2015-07-01
༢༠༡༢ལོར་བོད་རིགས་ན་གཞོན་བཞི་ཡིས་ཕ་ས་ཕ་ཡུལ་དང་བོད་ཡུལ་གྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་སམ་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་ལ་འཁྲེང་བའི་དུངས་ཞེན་དང་རེ་འདུན་གྱིས་དེད་འོགལས་གཏོད་ཀྱི་སྤྲོ་སེམས་རུམ་ཏེ་གྲོང་ཁྱེར་གྱི་སྔོ་འཚོ་བ་དང་མདུན་ལམ་སོགས་བསྐྱུར་ནས་རང་གི་ཕ་ཡུལ་མི་ཉག་དར་རྩེ་མདོའི་མི་ཉག་ར་རྔ་ཁར་ཕྱིར་ལོག་ཅིང་བགྲང་བྱ་བཞི་ལྷག་གི་ལས་གཏོད་ཀྱི་འགྲུལ་བཞུད་མགོ་བརྩམས།མི་ཉག་ར་རྔ་ཁ་ནི་ཁོང་ཚོའི་རྨི་ལམ་མངལ་དུ་སྦྲུམ་སའམ་རེ་བའི་ཞིང་ས་གྲུ་བཞི་དེ་ཡིན་ལ།བགྲང་བྱ་བཞི་ལྷག་གི་དཀའ་སྦྱད་དང་སྙིང་རུས་བརྒྱུད་ཁོང་ཚོས་གངས་དཀར་རྫོང་གཞིས་ཀ་ཞེས་པའི་མགྲོན་ཁང་ལྟ་བས་ཆོག་མི་ཤེས་པ་ཞིག་བཞེངས།མགྲོན་ཁང་འདིས་ཁམས་ཁུལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་རིགས་གནས་ཁོར་ཡུག་ལ་རྒྱབ་རྟེན་བཅོལ་ཞིང་།ཡུལ་སྐོར་ལྗོངས་རྒྱུ་དང་སྤྲོ་གསེང་།བོད་ཁུལ་རིག་གནས་མྱོང་རོལ་སོགས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚོང་གཉེར་ཞབས་ཞུ་སྒྲུབ་ཀྱིན་ཡོད།
མགྲོན་ཁང་འདི་ར་རྔ་ཁ་གྲོང་བརྡལ་གྱི༣༡༨གཞུང་ལམ་དང་ལི་རྨི༦༠༠ཙམ་ཡོད་པའི་རིའི་སྐེད་དུ་ཆགས་པས་ལྷིང་འཇགས་ཀྱི་གནས་ཤིག་ཡིན་ལ་མགྲོན་ཤག་གི་སྒེའུ་ཁུང་རེ་རེ་ནས་མི་ཉག་འབོ་གངས་དཀར་མཐོང་ཐུབ་པ་དང་།མགྲོན་ཁང་གི་ཁྱད་ཆོས་མཚོན་པའི་འཛུགས་སྐྲུན་ཆ་ཤས་ཤིག་ནི་ཐོག་རྩེག་ལྔ་ཡོད་པའི་རྡོ་བརྩིགས་མཁར་རྫོང་ཞིག་ཡིན་ལ།མི་ཉག་གངས་དཀར་དང་ཐག་ཉེ་བའམ་མཁར་རྫོང་དངོས་སུ་བརྩིགས་ཡོད་པས་གངས་དཀར་རྫོང་ཞེས་པའི་མིང་བཏགས་ཤིང་།སྤྱིར་ཁམས་ཁུལ་དང་སྒོས་མི་ཉག་ཡུལ་ལ་མཚོན་ན་མཁར་རྫོང་ནི་ལོ་རྒྱུས་རིན་ཐང་ངེས་ཅན་ཡོད་པའི་འཛུགས་སྐྲུན་ཞིག་ཡིན་དང་གནའ་སྔ་མོར་དགྲ་འགོག་ས་དང་བརྡ་གཏོང་སའི་ལྟེ་བ་ལྟ་བུ་ཞིག་ཡིན་པས།མགྲོན་ཁང་འདི་རྫོང་མཁར་ལྟ་བུར་འཛུགས་སྐྲུན་བྱས་ཏེ་རང་ས་རང་ཡུལ་གྱི་རི་ཆུ་ནགས་གསུམ་དང་རིག་གནས་ཐོན་ཁུངས་དག་སྲུང་སྐྱོབ་དང་གོང་སྤེལ་བྱེད་པའི་རེ་འདུན་མཚོན།
མགྲོན་ཁང་འདི་བཞེངས་མཁན་ནི་མི་ཉག་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་ཕྲུག་བཞི་སྟེ་ནོར་རྒྱལ་དང་ཨོ་རྒྱན་སྐྱབས།ཚེ་མགོན་དང་ཉི་མ་བཅས་ཡིན་ཞིང་།ཁོང་ཚོ་ཆུང་ནས་འཚར་ལོངས་བྱུང་སའི་རང་ས་རང་ཡུལ་འདི་དང་ཡུལ་འདིའི་རིག་གནས་ལ་ཧ་ཅང་དགའ་ཞེན་ཆེ།ཁོང་ཚོས་བཤད་པ་ལྟར་ན། ནང་ལོགས་ས་ཁུལ་དུ་ལས་ཀ་བྱེད་ཡུན་ཇི་ཙམ་རིང་ན།དེ་ཙམ་གྱིས་ཕ་ཡུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་རིན་ཐང་ལ་ངོས་ཟིན་ཟབ་མོ་ཡོང་བ་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཡོད་དུ་འགྱུར།དེར་བརྟེན༢༠༡༢ལོའི་ལོ་གསར་གྱི་སྐབས་དང་བསྟུན་ནས་ཁོང་ཚོ་ཚང་མ་ཕྱོགས་སོ་སོ་ནས་ཕ་ཡུལ་ལ་ལོག་པ་དང་།སྐབས་དེར་ཡུལ་འདིར་ཆེ་ཆུང་འདྲ་མིན་གྱི་མགྲོན་ཁང་སྣ་མ་སྣ་ཚོགས་རྒྱག་དང་རྒྱག་བཞིན་པ་མཐོང་ཞིང་།ཡུལ་སྐོར་བ་ཚོས་ཀྱང་ཡུལ་འདི་ནི་གཞུང་ལམ༣༡༨བརྒྱུད་ནས་འགྲོ་སྐབས་ཞག་འདུག་བྱེད་ས་ཙམ་ཞིག་ཏུ་བརྩི་བཞིན་པ་མཐོང།ལྷག་པར་ཡུལ་འདིའི་ཤེལ་གྱི་མཆོད་རྟེན་ལྟ་བུའི་མི་ཉག་གངས་དཀར་དང་བཞག་བྲ་ལབ་རྩེ་སོགས་གཙོས་པའི་ས་ཆུ་རི་ཀློང་གི་མཛེས་པ་དང་།མི་ཉག་ཡུལ་འདིའི་རོང་འབྲོག་གཉིས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དག་ཡུལ་སྐོར་བའི་འདོད་བློ་དང་གང་འཚམ་གྱིས་ངོ་སྤྲོད་དང་མྱོང་རོལ་བྱེད་པར་ཞབས་ཞུ་སྒྲུབ་ཐུབ་མཁན་ཞིག་མེད་པ་ཤེས་པས།ཁོང་ཚོའི་སེམས་སུ་རང་གི་ཕ་ས་ཕ་ཡུལ་ལ་ཆེས་ཆ་རྒྱུས་ཡོད་མཁན་ནི་ཁོང་ཚོ་རང་ཉིད་ལས་གཞན་སུ་ཡང་མེད་པའི་སྣང་བ་ཞིག་ཤར་ཞིང་།ཕ་ཡུལ་ལ་བསྡད་ནས་ཕ་ཡུལ་དར་སྤེལ་མ་བཏང་ན་ཕ་ཡུལ་ལ་དགའ་ཟེར་བ་དེ་སྐྱག་རྫུན་ཞིག་རེད་བསམ་པས་ཁོང་ཚོའི་གྲོང་ཁྱེར་གྱི་ལས་ཀ་དང་འཚོ་བ་བསྐྱུར་ནས་དཀའ་སྡུག་དང་འགལ་རྐྱེན་མང་པོ་རྒྱབ་ཏུ་བསྐྱུར་ནས་མི་ཉག་ར་རྔ་ཁ་འདིར་བོད་ཀྱི་ཁྱད་ཆོས་ལྡན་པའི་མགྲོན་ཁང་འདི་འཛུགས་སྐྲུན་བྱས།
ནོར་རྒྱལ་གྱིས་ངོ་སྤྲོད་གནང་བ་ལྟར་ན།ཐོག་མར་ཁོང་ཚོར་ལས་རིགས་གསར་གཏོད་ཀྱི་བསམ་བློ་འདི་བྱུང་བ་ནས་ལུས་སེམས་ཡོད་ཚད་སྤྲོ་བ་དང་གདེང་ཚོད་རྐྱང་རྐྱང་གིས་ཁེངས་པ་ལས།གངས་དཀར་རྫོང་དངོས་སུ་འཛུགས་སྐྲུན་བྱེད་སྐབས་ཀྱི་རིག་རྒྱུ་ཡོད་མེད་གཉིས་ཀྱི་དཀའ་ངལ་དག་ལ་ཚོད་དཔག་གཏན་ནས་བྱེད་ཐུབ་མ་སོང་།དཔེར་ན༢༠༡༤ལོའི་དགུན་ཁའི་ཚད་རིམ༦ཚེག༨ཅན་གྱི་ས་ཡོམ་ལྟ་བུ་རེད།ཁོང་ཚོ་བཞི་པོའི་ནང་ན་སློབ་ཆེན་པ་གཅིག་ཡོད་པ་ལས་གཞན་དག་གསུམ་པོར་ཡུལ་སྐོར་ཞབས་ཞུའི་ལས་ཀའི་ཉམས་མྱོང་མ་གཏོགས་ཚོང་ལས་སྒེར་གཉེར་དང་དོ་དམ་ཕྱོགས་ཀྱི་ཉམས་མྱོང་ཕལ་ཆེར་མེད་པས།ལས་ཀའི་བརྒྱུད་རིམ་ཁྲོད་དུ་ལས་ཀ་ཕལ་ཆེ་བ་ལས་ཞོར་སྦྱོང་ཞོར་དང་ད་སྦྱངས་ནས་ད་བེད་སྦྱོད་བྱས།ཁོང་ཚོ་བཞི་པོས་ཕྱར་བ་གྲུ་གདེགས་ཀྱིས་ཨམ་ཚུགས་བསྡམས་ནས་ལས་ཀ་འདི་མཐའ་འཁྱོངསས་དོན་གཙོ་བོ་ནི་གཅིག་ནས་ཕ་ས་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་རིག་གནས་ལ་དུང་ཞེན་ཆེ་བ་དང་།གཉིས་ནས་རང་གི་ཕ་ས་ཕ་ཡུལ་མི་ཉག་ར་རྔ་ཁ་འདིའི་ཡུལ་སྐོར་བྱ་གཞག་སྤུས་ཀ་ལྡན་པའམ་བདེ་ཐང་ཞིག་ཏུ་དར་རྒྱས་གཏོང་བའི་ཕུགས་འདུན་མངོན་དུ་བསྒྱུར་ཆེད་ཡིན་ལ།དཀར་མཛེས་ཁུལ་དང་དར་མདོ་གྲོང་ཁྱེར་གྱིས་ཁོང་ཚོས་ལས་རིགས་གསར་གཏོད་ཀྱི་བསམ་བློའི་ཁྱེར་ཕྱོགས་ལ་ངོས་ཟིན་ཡོད་པ་ཙམ་མིན་པར་ཐུགས་ཁུར་དང་རྒྱབ་སྐྱོར་ཀྱང་ཚད་མེད་གནང་།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10