ལི་ཐང་དགེ་བསྙེན་གནས་རི་སྟེང་གི་ཤྭ་བ་མཆུ་དཀར།

ཨོ་རྒྱན་གྱིས་བསྒྱུར།        2020-09-15

 

ལི་ཐང་དགེ་བསྙེན་གནས་རི་སྟེང་གི་ཤྭ་བ་མཆུ་དཀར།

   ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། དགེ་བསྙེན་གནས་རི་མཛེས་ལྗོངས་ཁུལ་དུ་ཐེངས་དང་པོར་ཤྭ་བ་མཆུ་དཀར་མང་པོ་ཞིག་འགྲོ་རྒྱུག་བྱེད་བཞིན་པ་མཐོང་ཡོད།

     སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་མི་སྣས་དཀར་མཛེས་ཁུལ་ལི་ཐང་རྫོང་དགེ་བསྙེན་གནས་རི་མཛེས་ལྗོངས་ཁུལ་དུ་རྒྱུན་ལྡན་གྱི་དོ་དམ་སྐོར་ཞིབ་བྱེད་དུས། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤྭ་བ་མཆུ་དཀར་ཁྱུ་གཅིག་དང་འཕྲད་པ་རེད།

     ལས་སྒྲུབ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཤྭ་བ་མཆུ་དཀར་དང་བར་ཐག་ཕལ་ཆེར་སྨི་བརྒྱ་ལ་ཉེ་བ་ཙམ་ནས་བལྟས་པ་ཡིན་ལ། ཤྭ་བ་མཆུ་དཀར60ཡས་མས་ཡོད་པ་དང་། སྐབས་དེར་ཤྭ་བ་མཆུ་དཀར་ཁྱུ་དེས་སོས་དལ་ངང་ཟས་འཚོལ་བཞིན་འདུག་ལ། ལས་སྒྲུབ་མི་སྣ་མཐོང་དུས་སུ། དངངས་སྐྲག་མ་ལངས་པར་རང་སར་འགྱིང་ངེར་ལངས་ནས་མི་དང་རྒྱང་རིང་ཙམ་ནས་སྐར་མ་ལྔ་ཙམ་བལྟས་རྗེས་གཞི་ནས་ཁ་བྲལ་ཏེ་སོང་།

ལི་ཐང་དགེ་བསྙེན་གནས་རི་སྟེང་གི་ཤྭ་བ་མཆུ་དཀར།

     ཤྭ་བ་མཆུ་དཀར་ནི་ས་མཐོ་གྲང་བའི་ས་ཁུལ་གྱི་སྲོག་ཆགས་དཔེ་མཚོན་ཅན་ཞིག་ཡིན་ལ། གཟུགས་ནི་རྟ་དང་འདྲ་བོ་ཡོད། གཟུགས་པོའི་རིང་ཚད་ལ་སྨི2ཙམ་དང་ལྗིད་ཚད་ལ་ཕལ་ཆེར་སྟོང་ཁེ250ཙམ་ཡོད། ཧ་ཅང་དཀོན་ལ་རྩ་ཆེ་བའི་རི་དྭགས་ཀྱི་རིགས་ཤིག་རེད། ཤྭ་བའི་རྭ་ཅོའི་རིང་ཚད་ལ་སྨི1ཡོད་ཅིང་། རྭ་ལ་བཞི་ལག་ནས་དྲུག་ལག་ཅན་མ་འདྲ་བའི་རིགས་དག་ཡོད། ཡུ་མོ་ལ་རྭ་ཅོ་མེད། ལུས་ཧྲིལ་པོར་ཁམ་སེར་དང་འཕོངས་ཤ་སྨུག་པོར་གྱུར་པ། རྒྱབ་ཐིག་ནག་པོ་དང་ཐིག་ལེ་དཀར་པོ་མེད་ཅིང་། སྤུ་རྩུབ་པོ་ཞིག་ཡོད། འཚོ་གནས་བྱ་ཡུལ་ནི་མཚོ་འཕགས་སྨི3000ནས5000བར་ཡིན་པ་དང་། མཐོ་གྲང་གི་གནམ་གཤིས་དང་འཚམ་ཞིང་། མཚོ་བོད་ས་མཐོར་གནས་པའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་རེད། དེ་དག་ནི་ནགས་ཁྲོད་ཀྱི་ས་སྟོང་དང་ནགས་ཁྲོད་མཐའ་ཕྱོགས་སུ་གནས་པར་དགའ་ཞིང་། བྲག་རི་གཡང་གཟར་ལ་འཛེག་ཐུབ་པ་དང་། ཆུ་རྐྱལ་བྱེད་མཁས་པ། ཆུ་བཞུར་མགྱོགས་ཤིང་དྲག་ཏུ་རྒྱུག་པའི་ཆུ་ངོས་ལས་བརྒལ་ཐུབ། ཤྭ་བ་མཆུ་དཀར་གྱི་ཁྱབ་ཁུལ་དང་ཁྱུ་ཚོགས་མགྱོགས་མྱུར་ངང་ཉུང་དུ་ཕྱིན་པས་ཤྭ་བ་མཆུ་དཀར་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང་ནང་བཅུག་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད།

ལི་ཐང་དགེ་བསྙེན་གནས་རི་སྟེང་གི་ཤྭ་བ་མཆུ་དཀར།

     ཤེས་རྟོགས་བྱུང་བར་གཞིགས་ན། དགེ་བསྙེན་དུ་མཐོང་བའི་ཤྭ་བ་ཁྱུ་ནི་ཐེངས་དང་པོ་མིན་མོད། འོན་ཀྱང་གཞི་ཁྱོན་ཆེ་བའི་ཤྭ་བ་མཆུ་དཀར་ཁྱུ་གཅིག་ནི་མཐོང་ཐེངས་དང་པོ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་སྟོང་མཚོ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཨུ་ལྷན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་དང་སྐྱེ་འཕེལ་ལ་སྣོད་བཅུད་ཁོར་ཡུག་དང་བར་སྟོང་བཟང་པོ་ཟམ་མི་ཆད་པར་བཏོད་ནས་རྩ་ཆེའི་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རང་བཞིན་གྱི་འཕར་བཞིན་ཡོད།

  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་སྐབས36པའི་དགེ་རྒན་དུས་ཆེན་གྱི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:མདོ་གྲོང་དུ་ཁུལ་འཛུགས་དུས་སྟོན་བསུ་བའི་རྣམ་པ་མཚར།
  • དོ་སྣང་ཆེ་བའི་རྩོམ།