དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

མགར་རྒྱལ་སྲས།        2017-09-19

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

སྤྱི་ཟླ༩པའི་ཚེས༡༥ནས༡༨ཉིན་གྱི་བར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་ལྔ་གཉིས་གསུམ་བྱ་འགུལ་རྒྱུན་ལྡན་སྤེལ་བའི་མཁས་པའི་གྲོས་ཚོགས་དེ་ཤར་མི་ཉག་ཡུལ་གྱི་ས་ཡི་ལྟེ་བར་གྱུར་པའི་གནས་མཆོག་རྡོ་ར་དཀར་མོ་རུ་གཟབ་རྒྱས་ངང་འཚོགས་པ་རེད།

ཚོགས་ཐོག་ཏུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་ཚོགས་རིམ་གྱི་དབུ་འཛིན་དང་མདོ་འཛིན་མཛད་ཅིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་དང་དར་མདོ་གྲོང་ཁྱེར་གྱི་ཚོགས་པ་ཆེན་པོ་བཞིའི་འགོ་ཁྲིད། ཁུལ་དང་རྫོང་གི་འབྲེལ་ཡོད་ལས་ཁུངས་བཅུ་བཞི་ལྷག་གི་དྲུང་ཡིག་ཆེན་མོ་དང་ཅུས་ཀྲང་། ཀྲུའུ་རེན་སོགས་ཚོགས་འདུར་ཞུགས།  དར་མདོ་ལྷ་མོ་རྩེ་དགོན་པ་དང་འགོ་བ་ཁ་དགོན་པ། སི་ཧུ་དགོན། ལྔ་མཆོད་དགོན། ཀ་བཞི་དགོན། སྙན་ལམ་དགོན། ཕྱུག་མོ་དགོན། བྲག་མཁར་དགོན། ལྷ་སྒང་དགོན། རྡོ་རྗེ་བྲག་དགོན། གངས་དཀར་དགོན་སོགས་དར་མདོ་གྲོང་ཁྱེར་གྱི་དགོན་ཁག་ཉེར་བདུན་ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས། 

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་མདོ་འཛིན་གནང་བའི་འོག་ཏུ་དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་ལྔ་གཉིས་གསུམ་བྱ་འགུལ་རྒྱུན་ལྡན་སྤེལ་བའི་མཁས་པའི་གྲོས་ཚོགས་སམ་གནས་མཆོག་རྡོ་ར་དཀར་མོ་རིས་མེད་ཆོས་ཚོགས་ཆེན་མོ་དངོས་སུ་མགོ་བརྩམས་ཤིང་། ཉིན་དང་པོར་དར་མདོ་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་ཏན་ལེ་ཅུན་དང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀརྨ་བློ་བཟང་།གྲོང་ཁྱེར་གྱི་འགོ་གཙོ་རྒྱ་མ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་བཅར་ཡོན་ཏན་རྒྱ་མཚོ་བཅས་ཀྱིས་གསུང་བཤད་གནང་ཞིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས། ཁུལ་ཨུ་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་དང་གྲོང་ཁྱེར་ཏང་ཨུ་ཐེངས་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བརྒྱད་པའི་འཐུས་མི་ཚོགས་ཆེན་བཅས་ཀྱི་སྙིང་དོན་དང་ཆོས་ལུགས་ལས་དོན་དོ་དམ་དང་ཁྲིམས་སྲོལ་སྲིད་ཇུས་སྐོར་ལ་སློབ་སྦྱོང་བྱས་ཡོད་པ་རེད། ཉིན་གཉིས་པར་ལྔ་གཉིས་གསུམ་སློབ་གསོ་བྱ་འགུལ་རྒྱུན་ལྡན་ཅན་གྱི་སྒྲིག་གཞིའི་ཚད་ལྡན་གསུམ་གྱི་ཚད་གཞི་ཅི་ལྟར་འཛུགས་པར་གྲོས་བསྡུར་བྱས་པ་དང་།  གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཤིང་། རིས་མེད་གྲུབ་མཐའ་ཁག་གི་འཐུས་མི་སོ་སོས་གསུང་བཤད་གནང་ཡོད་པ་རེད།  ཉིན་གསུམ་པར་ཚོགས་འདུའི་ཁྲིམས་སྲོལ་སྲིད་ཇུས་ཀྱི་ནང་དོན་ལ་སློབ་སྦྱོང་དང་། གྲུབ་མཐའ་ཁག་ལ་ཚད་ལྡན་གྱི་བརྒྱུད་འཛིན་པ་གསོ་སྐྱོང་བྱས་ཤིང་ནང་བསྟན་གྱི་དགེ་བའི་བསམ་བློ་འཛུགས་སྤེལ་བྱེད་པར་དབང་ལུང་ཁྲིད་གསུམ་དང་། མན་ངག་དང་གཞི་གསུམ་ཆོ་ག་བཅས་ཀྱི་འཕྲིན་ལས་ཇི་ལྟར་དར་སྤེལ་གཏང་དགོས་ལུགས་སོགས་ལ་གྲོས་ཞིབ་བྱས་པ་དང་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལུས་ཞོའོ་ཧྥང་གིས་གསུང་བཤད་གལ་ཆེན་གནང་། 

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

ཚོགས་འདུའི་རིང་གི་ཕྱི་དྲོའི་ནུབ་ཟས་གསོལ་རྗེས།  ཁམས་བོད་ཕན་བདེ་སློབ་གྲྭ་དང་ཤེར་སྙིང་རིག་སློབ་གླིང་། མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་བཅས་ཀྱིས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་། གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་ལས་རྟ་རྒྱུག་ནོར་བུ་ཆ་བདུན། མི་ཉག་སྐོར་བྲོ་སོགས་ཀྱིས་མཚོན་པའི་གླུ་གར་གྱི་མཆོད་པ་གཙང་མ་ཐེངས་འདིའི་ཚོགས་འདུར་ཕེབས་པའི་དབུ་ཁྲིད་དང་དགེ་འདུན་འདུས་པ་རྒྱ་མཚོ་དག་གི་ཐུགས་ཡིད་དགྱེས་པའི་མཆོད་སྤྲིན་དུ་ཕུལ་ཡོད་པ་རེད། 

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

མཇུག་ཏུ་མཁན་པོ་རྡོ་རྗེ་བཀྲ་ཤིས་མཆོག་གིས་ཕྱོགས་བསྡོམས་ཀྱི་གསུང་བཤད་གནང་ཡོད་དེ། ཁོང་གིས་གསུངས་དོན། ང་ཚོ་ནི་སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་སྤེལ་བའི་འཕྲིན་ལས་ཀྱི་བྱེད་པོ་ཡིན་པ་དང་། ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་པའི་བསྟན་པ་ཐམས་ཅད་མཐར་ཐུག་གི་དགོངས་པ་གཉིས་སུ་མེད་ལ་ང་ཚོ་ཐམས་ཅད་ཀྱིས་གཞན་གྱི་བསྟན་པ་ལ་དད་གུས་དང་རང་གི་བསྟན་པ་འཛིན་སྐྱོང་དགོས་ལ་མིག་རྒྱང་རིང་པོའི་སྒོ་ནས་གཞན་ཕན་གྱི་ལས་དོན་ཐུགས་སུ་བཞེས་ཏེ་འཚེ་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་ཡུན་རིང་དུ་གནས་པར་སྟོབས་ཤུགས་ཆིག་སྒྲིལ་གནང་དགོས། མི་རིགས་རེ་རེར་ཡུལ་སྲོལ་གོམས་གཤིས་དང་སྐད་དང་ཡི་གེ་སོགས་ཐུན་མིན་གྱི་ཁྱད་ཆོས་ཡོད་པ་བཞིན། གྲུབ་མཐའ་རེ་རེ་དང་དགོན་སྡེ་རེ་རེར་ཡང་གཞན་དང་མི་མཚུངས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཁྱད་ཆོས་ལེགས་པོ་ཡོད་པས། ཐོས་བསམ་སྒོམ་གསུམ་ལ་དོན་གཉེར་བྱེད་པ་དང་། གྲུབ་མཐའ་དང་དགོན་སྡེ་སོ་སོའི་དབང་ལུང་མན་ངག་དང་གར་དབྱངས་ཐིག་གསུམ་སོགས། མཐོང་བ་བརྒྱུད་པའི་ཕྱག་སྲོལ་རྣམས་ཉམས་པ་སླར་གསོ་དང་མི་ཉམས་འཛིན་སྐྱོང་གི་ལས་ལ་རང་ཚུགས་མ་འཆོར་བའི་སྒོ་ནས་འབད་པ་གལ་ཆེ།  མདོར་ན་གྲུབ་མཐའ་དང་དགོན་སྡེ། ས་ཁུལ་གྱི་ཁྱད་པར་མ་མཆིས་པར་བསམ་པ་གཅིག་མཐུན་དང་རྡོག་རྩ་གཅིག་དྲིལ། ཕན་ཚུན་གཞོགས་འདེགས་བྱུང་ཚེ། མཐུན་སྒྲིལ་ནི་སྟོབས་ཤུགས་ཀྱི་རྩ་བ་ཡིན་པས། ང་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་རང་རང་གི་མི་དམངས་ལ་བྱ་གཞག་ཡག་པོ་རེ་བསྒྲུབ་ཐུབ་པར་ཡིད་ཆེས་གནང་ཆོག་ཅེས་པ་སོགས་གསུངས་ཤིང་། གྲུབ་མཐའ་ཁག་གི་མཁན་པོ་དང་དགེ་བཤེས། དེ་བཞིན་འགོ་ཁྲིད་དག་གིས་རིན་བྲལ་གྱི་གསུང་བཤད་གང་མང་གནང་ཞིང་མ་འོངས་པར་ཆོས་བརྒྱུད་ཁག་ཕན་ཚུན་མཐུན་སྒྲིལ་གྱི་ཚོགས་འདུ་འདི་འདྲ་གང་མང་འཚོག་ཐུབ་པར་རེ་བ་བཅས་ཀྱིས་ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་མཇུག་བསྡུས་ཡོད་པ་རེད།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།

དར་མདོ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཐེངས་གཉིས་པའི་མཁས་པའི་གྲོས་ཚོགས།



  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་སེར་ཤུལ་རྫོང་དུ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་བའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།