དཔལ་ཡུལ་རྫོང་གིས་བདེ་ཐང་སློབ་གསོའི་བྱ་འགུལ་སྣ་མང་སྤེལ།

ཕུན་ཚོགས་སྒྲོལ་མ།        2017-09-12

     རྒྱ་ཆེ་བའི་མང་ཚོགས་ལ་གཙང་སྦྲའི་གོམས་གཤིས་ཡག་པོ་ཆགས་པ་དང་སྐྱོན་མེད་ཀྱི་འཚོ་བ་རོལ་སྟངས་དར་སྤེལ་གཏང་རྒྱུར་སྐུལ་སློང་བྱས་ནས། ཐུམ་འབུའི་ནད་སོགས་ཕན་ཡོད་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐུབ་ཆེད།ཉེ་ཆར། དཔལ་ཡུལ་རྫོང་ནད་འགོག་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་རྫོང་དེའི་ཡུལ་ཚོ་ཁག་ཏུ་སོང་ནས་ཐུམ་འབུའི་ནད་ཞིབ་བཤེར་དང་བདེ་ཐང་སློབ་གསོ། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དཔྱད་འདེམས་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་ཁྲོད། གཅིག་ནི་ཐུམ་འབུའི་ནད་འགོག་བཅོས་སྐོར་གྱི་དྲིལ་བསྒྲགས་ལེའུ་དང་། ལག་ཁྲུས་བྲོ། ཐུམ་འབུའི་ནད་འགོག་བཅོས་ཀྱི་གླུ་གཏོང་བ་སོགས་ཀྱི་བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་ནས། རྒྱ་ཆེ་བའི་མང་ཚོགས་ལ་ཐུམ་འབུའི་ནད་འགོག་བཅོས་བྱེད་སྟངས་སྐོར་གྱི་ཤེས་བྱ་སྟབས་བདེའི་སྒོ་ནས་ཤེས་སུ་བཅུག་པ་རེད།

     གཉིས་ནི་གོམས་གཤིས་བཟང་པོ་ཆགས་པ། རྣམ་པ་ཡག་པོ་ཆགས་པའི་ལས་ཀ་ལ་དམིགས་ནས། སྐྱོན་བྲལ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དཔྱད་འདེམས་བྱས་པ་རེད། དཔྱད་འདེམས་བྱེད་དུས་འབྲེལ་ཡོད་ཀྱི་སྒྲིག་ལམ་ལྟར། མགོ་དང་ངོ་གདོང་། ལག་པ། རྐང་པ། ལུས་པོ་བཀྲུས་ཡོད་མེད་དང་། ཁང་པའི་ལྟག་འོག་དང་མདུན་རྒྱབ། ཕྱི་ནང་གི་གཙས་སྦྲ་ལ་གཙོ་བོ་དཔྱད་ནས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང130དཔྱད་འདེམས་བྱུང་ནས། ཆུ་སྣོད་དང་ལྕགས་ཁེམ། འགྱིག་གི་ལག་ཤུབས་སོགས་གྲངས་ཀ130ལྷག་བྱ་དགའི་ཚབ་ཏུ་སྟེར་བ་རེད།

      གསུམ་ནི་མང་ཚོགས་ལ་ཐུམ་འབུའི་ནད་ཕོག་ཡོད་མེད་བརྟག་དཔྱད་ཞིབ་གཤེར་བྱས་ནས། ཁྱོན་བསྡོམས་མི་གྲངས1260ལ་ཞིབ་བཤེར་བྱས་པ་དང་། ལག་ཕྱིས་དང་འདག་རྫས2600ལྷག་སྟེར་བ། འབྲེལ་ཡོད་དྲིལ་བསྒྲགས་ཡིག་རིགས1200ལྷག་མཁོ་སྤྲོད་བཅས་བྱས་པ་རེད།།


  • ལེ་ཚན་སྔོན་མ།:སྐྱེ་ཁམས་སྔོན་སྤེལ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་གནད་དོན་དག་བཅོས་ཡག་མོ་བྱ་དགོས།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་བརྔ་བསྡུ་འཕྲུལ་འཁོར་སྤྱད་དེ་ཞིང་པའི་ཁུར་པོ་ཇེ་ཡང་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།