ཟོང་འགྲུལ་ལས་རིགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་བེ་ཤ་ཁུལ་དང་ཞིང་ཆེན་བརྒལ་ནས་བསྐྱལ་བའི་ལས་ལ་བྲེལ།

        2020-08-20

མྱུར་སྐྱེལ་ཁེ་ལས་ཀྱིས་ཤ་མོའི་ཚོང་ཁང་འཕྲལ་བཟུང་བྱས་ཏེ་མྱུར་སྐྱེལ་གྱི་ཐོབ་ཆ་བགོ་བར་བརྩོན་ལེན་བྱས་པའི་གནས་ཚུལ་བཀོད་པ།

ཅིན་ཏུང་མྱུར་སྐྱེལ་གྱི་མྱུར་སྐྱེལ་པས་བེ་ཤ་ཐུམ་རྒྱག་བཞིན་པའི་ཚུལ།

མྱུར་སྐྱེལ་ཁེ་ལས་རེ་རེ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱེད་ཐབས་སྣ་མང་སྤྱད་ནས་དངོས་ཟོག་དེ་དག་དུས་ཐོག་ཏུ་སྐྱེལ་ཐུབ་པ་བྱས། སྔོན་ཆད་ལ་ཀླུང་མང་པོས་བཅད་པའི་བེ་ཤ་དེ་དག་ད་ལྟར་ཟོང་འགྲུལ་མྱུར་སྐྱེལ་ལ་བརྟེན་ནས་དུས་ཡུན་ཐུང་ཐུང་ནང་རི་མགོ་ནས་མི་ཚོའི་གསོལ་ལྕོག་ཐོག་ཐོན་ཐུབ་པ་རེད།

སྔོན་ཆད་འགྲུལ་སྐྱེལ་གྱིས་ཚོད་འཛིན་ཐེབས་པའི་དུས་སྐབས་དེ་འདས་དོན་དུ་གྱུར་ཟིན། ད་ལྟར་དཀར་མཛེས་ཁུལ་གྱི་རི་སྐྱེས་ཟས་མཆོག་དེ་དག་ཟོང་འགྲུལ་གྱི་མྱུར་སྐྱེལ་འཕྲུལ་འཁོར་ལ་བརྟེན་ནས་ཁུལ་དང་ཞིང་ཆེན་བརྒལ་ནས་བསྐྱལ་ཞིང་། ཐ་ན་ཕྱི་རྒྱལ་ལ་ཐད་འཕུར་བྱས་ཏེ་བསྐྱལ་བས། མི་ཚོགས་དེ་བས་མང་པོ་དང་ཁྱབ་ཁོངས་དེ་བས་ཆེན་པོས་དེང་དུས་ཀྱི་དཀར་མཛེས་ཁུལ་ལ་ངོས་འཛིན་གསར་པ་འབྱུང་བཞིན་ཡོད་པ་རེད།

ན་ལོའི་ཁེ་ལས་གསུམ་གྱི་ཐོག་ད་ལོར་ སླར་ཡང་ཁེ་ལས་གསུམ་བསྣན་ཡོད།

སྤྱི་ཟླ8པའི་ཚེས6ཉིན་གྱི་སྔ་དྲོར།གསར་འགོད་པས་དར་མདོའི་རྫིང་བྲག་ཞིང་ལས་ཉོ་ཚོང་ཚོང་ཁྲོམ་གྱི་ཨང་རྟགས23ནས27པའི་ཚོང་ཁང་བར་ཧྲུན་ཧྥེང་དང་།ཧྲེང་ཐུང་།ཅིན་ཏུང་། ཏེ་པང་། ཀྲུང་ཐུང་བཅས་མྱུར་སྐྱེལ་སྤྱི་གཉེར་ཁང་གི་ལས་བཟོས་བེ་ཤའི་མྱུར་སྐྱེལ་དངོས་ཟོག་ལ་ཐུམ་རྒྱག་པ་དང་། ཐོ་འགོད་དཔང་ཡིག་བཟོ་བ།དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་ཀ་སྒྲུབ་བཞིན་པའི་གནས་ཚུལ་མཐོང་།

ན་ལོར་ཧྲུན་ཧྥེང་དང་། སྦྲག་ཁང་། ཧྲུང་ཐུང་བཅས་ཀྱིས་ཤ་མོ་མྱུར་སྐྱེལ་བྱས་མྱོང་བ་རེད། ད་ལོར་ཡང་བསྐྱར་མྱུར་སྐྱེལ་སྤྱི་གཉེར་ཁང་གསུམ་བསྣན་ཡོད་པས་ང་ཚོས་གང་མོས་གདམ་ག་རྒྱག་ཆོག་པ་རེད། དར་མདོ་གྲོང་ཁྱེར་གྱི་ཡུལ་མི་ཀྲུའུ་ཞའོ་ཡིང་གིས་ལོར་རེ་བཞིན་རྒྱང་རིང་ཞ་མེན་དུ་ཡོད་པའི་གཅུང་མོ་ལ་བེ་ཤ་མྱུར་སྐྱེལ་བྱེད་བཞིན་འདུག ད་ལོར་ཁོ་མོས་མྱུར་སྐྱེལ་ཁེ་ལས་གསར་པ་ཞིག་བདམས་ནས་ཁྱད་པ་ཨེ་ཡོད་ལྟ་བསམ་པ་ཡིན་ཞེས་བཤད་པ་རེད།

འཚོ་བཅུད་ལྡན་པའི་ཟས་མཆོག་དེ་དག་གློག་རྡུལ་ཚོང་སྟེགས་ལ་བརྟེན་ནས་ག་ས་གར་ཐོགས་མེད་ངང་འཕྲོད་ཐུབ་པར་བརྟེན། མྱུར་སྐྱེལ་ཁེ་ལས་མང་པོས་ཚོང་རྫས་བཤམས་ས་མྱུར་བཟུང་བྱས་པ་རེད། ལོ་གསུམ་གྱི་སྔོན་ལ་ཧྲུན་ཧྥེང་མ་གཏོགས་ཟོང་འགྲུལ་ཁེ་ལས་མེད་ལ་ད་ལྟར་ཟོང་འགྲུལ་ཁེ་ལས6བར་འཕར་ཚར་བ་རེད།

སྔོན་ཆད་བེ་ཤ་གསར་པ་སྐྱེལ་འདྲེན་བྱེད་དཀའ་ཐོག་སོས་མ་ཉར་ཚགས་བྱེད་པའི་ལག་རྩལ་རྗེས་ལུས་ཡིན་སྟབས། ཟས་མཆོག་འདི་རྒྱང་ཐག་རིང་སར་སླེབས་ཐབས་བྲལ་བར་བརྟེན། ཟོང་འགྲུལ་བྱེད་རིང་གི་གྲང་འཁོར་སྐྱེལ་འདྲེན་བྱེད་པ་ནི་ཧ་ཅང་གནད་འགག་ཆེ་བ་རེད།

ཧྲུན་ཧྥེང་མྱུར་སྐྱེལ་ཁེ་ལས་ནི་བེ་ཤ་མྱུར་སྐྱེལ་བྱེད་ཐབས་གསར་པ་འདོན་མཁན་ཨང་དང་པོ་དེ་ཡིན་པ་རེད། 2017ལོར་ཧྲུན་ཧྥེང་མྱུར་སྐྱེལ་ཁེ་ལས་དེ་བེ་ཤ་མྱུར་འདྲེན་བྱེད་པའི་ལས་ཀར་ཞུགས། ད་ལོར་ཧྲུན་ཧྥེང་གིས་མུ་མཐུད་དེ་ནུས་ཤུགས་འདོན་པ་རེད། ཧྲུན་ཧྥེང་མྱུར་སྐྱེལ་དར་མདོ་བེ་ཤ་ལས་སྒོའི་འགན་ཁུར་མི་སྣ་ཙུའོ་མིང་ཅུན་གྱིས་བེ་ཤ་སོས་མ་ཉར་ཚགས་བྱེད་ཆེད་ད་ལོར་སྔོན་ཆད་ལས་གྲ་སྒྲིག་གང་ལེགས་བྱས་ཡོད། དཀར་མཛེས་ཁུལ་དུ་ཧྲུན་ཧྥེང་མྱུར་སྐྱེལ་གྱི་གྲང་བཟོ་རླངས་འཁོར19ཡོད་སྟབས་བེ་ཤ་གསར་པ་དུས་ཐོག་ཏུ་ཐོན་ཡུལ་ནས་ཐད་སྐྱེལ་བྱེད་ཐུབ་པར་ཁག་ཐེག་བྱས། ཁྱད་པར་དུ་དར་མདོ་དང་ཉག་ཆུ་རྫོང་གཉིས་ལ་ང་ཚོས་རྒྱུ་ནོར་དང་མི་ལག་འཇོག་ཤུགས་ཆེ་རུ་བཏང་ཡོད། མིག་སྔར། ང་ཚོའི་ཉིན་རེར་འཕུར་ཐེངས6གི་ཁུལ་ཕྱིར་ཐོན་པའི་གྲང་བཟོ་རླངས་འཁོར་མངགས་ནས་བེ་ཤ་གསར་པ་དུས་ཐོག་ཏུ་སླེབས་ཐུབ་པར་ཁག་ཐེབས་བྱས་ཡོད་ཅེས་བཤད་པ་རེད།

མྱུར་སྐྱེལ་ཁེ་ལས་རྙིང་གྲས་ཡིན་པའི་ཆ་ནས་སྦྲག་སྲིད་མྱུར་སྐྱེལ་ལ་རང་ཉིད་ཀྱི་སྐྱེལ་འདྲེན་འཁོར་འབྲེལ་ཡོད་པ་རེད། སྦྲག་སྲིད་དར་མདོ་གྲོང་ཁྱེར་ཡན་ལག་སྤྱི་གཉེར་ཁང་གི་ཅིང་ལི་ཐང་ཡན་གྱིས་ངོ་སྤྲོད་བྱས་དོན། སྤྱི་ཟླ7པའི་ཚེས16ཉིན་ནས་བཟུང་སྦྲག་སྲིད་མྱུར་སྐྱེལ་གྱིས་བེ་ཤ་མྱུར་སྐྱེལ་གྱི་ཞབས་ཕྱི་བསྒྲུབས་ནས་ཟླ་བ་གཅིག་ཙམ་ལ་སྐུར་ཡུལ་དུ་འོས་འཚམ་ངང་སླེབས་ཐུབ་ཚད་བརྒྱ་ཆ100ལ་ཟིན་པ་རེད།

གཞན་པའི་མྱུར་སྐྱེལ་ཁེ་ལས་ལ་མཚོན་ན། ཅིན་ཏུང་དང་། ཏེ་པང་། ཧྲེང་ཐུང་། ཡང་ན་ཀྲུང་ཐང་སོགས་མྱུར་སྐྱེལ་ཁེ་ལས་གང་ཡིན་རུང་ཚང་མས་ཕལ་ཆེར་མཁའ་འགྲུལ་ཐོན་ཁུངས་ལེགས་སྒྲིག་བྱེད་པའི་བྱེད་ཐབས་སྤྱད་པ་རེད། ཅིན་ཏུང་ཟོང་འགྲུལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ང་ཚོས་མཁའ་འགྲུལ་སླེབས་ཐུབ་སའི་གྲོང་ཁྱེར་དང་དུས་ཐུང་རེའུ་མིག་ལྟར། མཁའ་འགྲུལ་དང་ཡང་ན་ལྕགས་ལམ་ཐོག་གི་སྐྱེལ་འདྲེན་བྱེད་ཐབས་གང་བདམས་རུང་། ངེས་པར་དུ་འཕྱུགས་མེད་ངང་བེ་ཤ་སྐྱེལ་འདྲེན་བྱེད་ཐུབ་པར་ཁག་ཐེག་བྱ་དགོས་པ་རེད་ཅེས་བཤད། ཏེ་པང་མྱུར་སྐྱེལ་ཁྲེང་ཏུའུ་སྤྱི་གཉེར་པུའུ་ཡིས་དར་མདོར་མངགས་པའི་བེ་ཤའི་མྱུར་སྐྱེལ་འགན་འཁུར་མི་སྣ་ཞུས་ཅིན་ཧྥེང་གིས་དར་མདོར་བེ་ཤ་མྱུར་སྐྱེལ་ལས་སྒོ་སྤེལ་བ་ནི་ང་ཚོས་སྔར་ནས་བརྟག་ཞིབ་བྱས་ཏེ་གྲ་སྒྲིག་དང་ཚད་ལེན་ཚོད་ལྟ་བྱས་པས། བེ་ཤ་གྲང་འཁོར་སྐྱེལ་འདྲེན་བྱེད་པའི་དངོས་ཤུགས་ཆ་ཚང་འཛོམས་པ་རེད། མིག་སྔར་ཐོན་ཡུལ་ནས་ཐད་ཀར་སྐྱེལ་འདྲེན་བྱས་ཏེ་གོ་རིམ་ཡོངས་སུ་དྲོད་ཚད་སྙོམས་སྒྲིག་སྐྱེལ་འདྲེན་བྱས་ཏེ་ཞབས་ཞུའི་གནས་ཚུལ་དམིགས་ཚད་ལས་བརྒལ་ཐུབ་པ་རེད་ཅེས་བཤད་པ་རེད།

ཧྲེང་ཐང་མྱུར་སྐྱེལ་ཚང་གིས་གྲ་སྒྲིག་དང་གདེང་ཚོད་ཡོད་པའི་སྒོས་བེ་ཤའི་མྱུར་སྐྱེལ་ལས་སྒོ་སྤེལ་བ་རེད།མིག་སྔར་སི་ཁྲོན་ཞིང་ཆེན་དང་ཁྲུང་ཆིན་གྱི་བེ་ཤའི་མྱུར་སྐྱེལ་ལས་སྒོ་མ་གཏོགས་སྒྲུབ་བཞིན་མེད་པ་རེད།

ཆུ་ཚོད24 ཡི་ནང་ཞིང་ཆེན་ནང་ཁུལ་དང་ཆུ་ཚོད48ཡི་ནང་རྒྱལ་ནང་དུ་བེ་ཤ་འཕྲོད་ཐུབ་པ་བྱས།

མྱུར་སྐྱེལ་སྤྱི་གཉེར་ཁང་གང་ཡིན་རུང་ཆུ་ཚོད24ཡི་ནང་ཞིང་ཆེན་ནང་ཁུལ་དང་ཆུ་ཚོད48ནང་རྒྱལ་ཁབ་ནང་ཁུལ་དུ་བེ་ཤ་སོས་མ་འཕྲོད་ཐུབ་པ་བྱ་རྒྱུ་ནི་ཐུན་མོང་གི་ཁ་ཆད་ཡིན་པ་རེད།

ཐང་ཡན་གྱིས་གསར་འགོད་པར་ང་ཚོས་ཁས་ལེན་བྱས་པ་ནི་རྒྱལ་ནང་དུ་ཆུ་ཚོད48ཀྱི་ནང་བསླེབ་རྒྱུ་ཡིན་རུང་།དོན་དངོས་སུ་བཤད་ན་པེ་ཅིན་དང་། ཧྲང་ཧའེ། ཀང་ཀྲུའུ། ཧྲེང་ཀྲེན་སོགས་གྲོང་ཁྱེར་འདི་དག་ལ་ཆུ་ཚོད24ལ་དུས་ཐོག་ཏུ་འཕྲོད་ཐུབ། མྱུར་སྐྱེལ་ལས་རིགས་ཚང་མས་ཆུ་ཚོད24ཡི་ནང་སླེབས་ཐུབ་པར་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

ཆུ་ཚོད24ཡི་ནང་སྐུར་ཡུལ་དུ་སླེབས་ཐུབ་པ་ནི་མཚམས་སྦྱོར་བརྡ་ཁྱབ་སྤེལ་བ་ནང་བཞིན་རེད།

གྲོང་ཁྱེར་ཆེན་པོའི་ནང་ཆུ་ཚོད24ཡི་ནང་སླེབས་ཐུབ་རྒྱུར་གནད་འགག་མེད་པ་རེད། ཙུའོ་མིང་ཅུན་གྱིས་མྱུར་སྐྱེལ་གྱི་བརྒྱུད་རིམ་རྒྱུས་ལོན་ཞིབ་ཕྲ་བྱས་ཡོད། སྔོན་ཆད་ཀང་ཀྲུའུ་ལ་བེ་ཤ་སྐུར་བར་མཚོན་ན། དཔེར་ན་དེ་རིང་ཕྱི་དྲོའི་ཆུ་ཚོད3པ་ནས་དར་མདོ་ནས་ཁྲེང་ཏུའུ་ལ་བེ་ཤ་བསྐུར་རྗེས། ཕལ་ཆེར་ཕྱི་ཉིན་པའི་སྐྱ་རེངས་ཆུ་ཚོད2པའི་ཐོག་ཀང་ཀྲུང་ལ་འཕུར་བའི་ཧྲུན་ཧྥེང་དོས་སྐྱེལ་གནམ་གྲུ་དེ་སྐྱ་རེངས་ཆུ་ཚོད4པའི་ཐོག་ཕལ་ཆེར་ཀང་ཀྲུའུ་ལ་སླེབས་ཐུབ་པ་རེད། ཀང་ཀྲུའུ་ལ་སླེབས་མ་ཐག་བེ་ཤ་ཁག་འབྱེད་ནས་ཕྱི་ཉིན་སྔ་མོར་དུས་ཐོག་ཏུ་སྐྱེལ་ཐུབ་པར་ཁག་ཐེག་བྱ་དགོས་པ་རེད།

ཉག་ཆར་བེ་ཤའི་ཐོན་འབོར་ཆེ་སྟབས། ཉག་ཆུ་རྫོང་དུ་ཧྲུང་ཧྥེང་མྱུར་སྐྱེལ་གྱི་ཁྲེང་ཏུའུ་ལ་འགྲོ་བའི་ཆེད་གཏོང་གྲང་འཁོར་ཞིག་ཡོད་པ་རེད། ཉག་ཆུ་རྫོང་གི་བེ་ཤ་དེ་ཚོ་ཕལ་ཆེར་ཕྱི་དྲོའི་ཆུ་ཚོད6པ་ནས་བསྡུ་ཉོ་བྱེད་མགོ་བཙུགས་ནས་སྐྱ་རེངས་ཆུ་ཚོད་དང་པོར་ཉག་ཆུ་རྫོང་དུ་ཡོད་པའི་ཧྲུན་ཧྥེང་མྱུར་སྐྱེལ་གྱི་ཆེད་གཏོང་གྲང་འཁོར་དེ་ཁྲེང་ཏུའུ་ལ་བཏང་ནས་ཞོགས་པའི་ཆུ་ཚོད6པ་ནས7པའི་བར་ཧྲེང་ཀྲེང་ལ་འཕུར་བའི་གནམ་གྲུ་ཐོག་བཞག་ནས་ཞོགས་པའི་ཆུ་ཚོད8པ་ནས9པའི་བར་སྐུར་ཡུལ་དུ་སླེབས་ཐུབ་པ་རེད།

ཏེ་པང་མྱུར་སྐྱེལ་གྱིས་དར་མདོར་ཉིན་རེའི་ཞོགས་པའི་ཆུ་ཚོད9པ་ནས་ཕྱི་དྲོའི་ཆུ་ཚོད6པར་གྲང་འཁོར་དེ་དག་གིས་དར་མདོ་ནས་ཁྲེང་ཏུའུ་ལ་ཤ་མོ་སྐྱེལ་འདྲེན་བྱས་རྗེས། གནམ་གྲུ་ཐོག་བཞག་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་སྐུར་བ་རེད། བལྟོས་བཅས་ཀྱིས་རྒྱང་ཐག་རིང་བའི་གྲོང་ཁྱེར་ཕུད་རྗེས་ང་ཚོས་ཆུ་ཚོད24ཡི་ནང་སྐུར་ཡུལ་དུ་སླེབས་ཐུབ་ཅིང་། བེ་ཤ་མྱུར་སྐྱེལ་བྱེད་སྐབས་མགྱོགས་མྱུར་དུ་སླེབས་ཐུབ་པ་བྱ་རྒྱུ་ནི་འགྲན་སློང་གི་སྲོག་ཤིང་ལྟ་བུ་ཡིན་པ་རེད་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

ཀྲུང་ཐང་མྱུར་སྐྱེལ་གྱི་མྱུར་སྐྱེལ་མི་སྣས་ཆུ་ཚོད24རིང་ལ་སྒོ་ཁར་ཤ་མོ་བསྡུ་སར་སླེབས་ཐུབ་པ་བྱས་ཏེ། ཤ་མོ་རི་མགོ་ནས་གསོལ་ལྕོག་ཐོག་སླེབས་པའི་དུས་ཡུན་ཆུ་ཚོད24ནས48ཀྱི་ནང་དུ་ཇེ་ཐུང་དུ་གཏོང་ཐུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཟོང་འགྲུལ་མྱུར་སྐྱེལ་གྱི་ཚོང་ཁྲོམ་ཆུང་རུང་

འགྲན་སློང་གི་འདུ་ར་འཁྲུག་པོ་རེད།

ཀྲུང་ཐང་མྱུར་སྐྱེལ་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་དོན། ཀྲུང་ཐང་མྱུར་སྐྱེལ་གྱིས་བེ་ཤ་སྐུར་སྐབས་རིམ་པ་གསུམ་ལ་བགོས་ཡོད་པ་སྟེ། ཐོག་མའི་ཞབས་ཞུ་དང་། མ་ལག་གཙོ་བོར་སྐྱེལ་འདྲེན་གྱི་ཐོན་ཁུངས་བཟང་འགྱུར་རིམ་སྤར་དང་མཐའ་མའི་ཞབས་ཞུ་བཅས་ཡིན། དེ་དག་གིས་ཐོག་མའི་བསྡུ་ལེན་དང་དུས་ཐོག་མཐའ་མའི་སྐྱེལ་འདྲེན་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་རེད།

མགྱོགས་མྱུར་ངང་ཤ་མོ་རི་མགོ་ནས་གསོལ་ལྕོག་ཐོག་སླེབས་ཐུབ་ཆེད། སྐྱེལ་འདྲེན་གྱི་གནད་དོན་དང་པོ་ཐག་གཅོད་བྱེད་པར་ཕུད། ཧྲུན་ཧྥེང་མྱུར་སྐྱེལ་གྱིས་ན་ལོར་མ་དངུལ་སྒོར་ཁྲི6000ལྷག་བཏང་ནས། ཉག་ཆུ་རྫོང་གི་བེ་ཤ་ཐོན་ལས་ལྡུམ་ཁུལ་དུ་རྒྱལ་ཡོངས་ཀྱི་བེ་ཤ་སྔོན་བཀོད་ཐག་གཅོད་ལྟེ་གནས་དང་པོ་འཛུགས་གཉེར་བྱས་པ་རེད། ལྟེ་གནས་དེར་རྒྱལ་ཡོངས་སུ་རང་འགུལ་ངང་བེ་ཤ་དབྱེ་གསེད་བྱེད་ནུས་པའི་མ་ལག་དང་པོ་བཙུགས་ཡོད། བེ་ཤ་རེ་རེ་བཞིན་རི་མགོ་ནས་འཐོག་རྗེས་རྩ་གཉིས་ཨང་རྟགས་ཀྱི་ཐོབ་ཐང་མཚོན་རྟགས་ཡོད་སྟབས་བེ་ཤ་ཡོད་ཚད་ཀྱི་ཐོན་ཁུངས་རྗེས་འདེད་བྱེད་ཐུབ། བེ་ཤ་གསར་པའི་སྔོན་བཀོད་ཐག་གཅོད་ལྟེ་གནས་ཀྱིས་སྔོན་བཀོད་གྲང་བཟོ་དང་། རང་འགུལ་དབྱེ་གསེད། ཁག་བགོས་ནས་འཛེགས་ཏེ་ཐོག་མའི་ལས་སྣོན་བྱས་རྗེས་དེ་ནས་གྲང་འཁོར་དང་ཆེད་སྤྱོད་གནམ་གྲུ་ལ་བཞག་སྟེ་ཆུ་ཚོད24ཡི་ནང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་གསོལ་ལྕོག་ཐོག་སླེབས་ཐུབ་པ་རེད།

ཞུས་ཅུན་ཧྥེང་གིས་ཏེ་པང་མྱུར་སྐྱེལ་ལ་དངོས་ཟོག་ཆེ་རིགས་མྱུར་སྐྱེལ་བྱེད་ནུས་པའི་དགེ་མཚན་ཡོད་ཅིང་། མྱུར་མགྱོགས་དུ་ནུས་ཤུགས་འདོན་ཐོག་ད་དུང་སྤུས་ཚད་ཐད་དངོས་ཕན་ཐོབ་ཐུབ་པ་རེད། གནད་དོན་གང་ཡིན་རུང་ཆུ་ཚོད24ཡི་ནང་ཐོགས་མེད་ངང་གསབ་དངུལ་འོས་འཚམ་སྤྲོད་པར་མ་ཟད། ད་དུང་ཞབས་ཞུའི་སྤུས་ཚད་ཨང་དང་པོ་ཡིན་པ་ནི་ཏེ་པང་མྱུར་སྐྱེལ་དར་མདོའི་བེ་ཤ་མྱུར་སྐྱེལ་ཚོང་ཁྲོམ་དུ་ཕྱིན་ནས་གཏན་སྲུང་བྱེད་པའི་ཁ་ཆད་ཡིན་ཞེས་བཤད་པ་རེད།

བརྟག་ཞིབ་རྒྱུས་ལོན་བྱས་པར་བརྒྱུད། སྤྱི་ཟླ8པའི་ཚེས5ཉིན་ལ་མཚོན་ན། ཧྲུན་ཧྥེང་མྱུར་སྐྱེལ་གྱིས་དར་མདོའི་ཤ་མོ་ཚོང་ཁྲོམ་ནས་ཤ་མོ་སྒམ7000ལྷག་སྐུར་བ། མིག་སྔའི་བར་ད་ལོར་ཧྲུན་ཧྥེང་གིས་ཉིན་རེར་ཤ་མོ་མྱུར་སྐྱེལ་བྱས་ཚད་ཆེས་མང་ཤོས་ནི་སྤྱི་ཟླ8པའི་ཚེས1ཉིན་ཡིན་པས་ཤ་མོ་སྒམ14000ལྷག་བསྐྱལ་བ། སྦྲག་སྲིད་མྱུར་སྐྱེལ་གྱིས་སྒམ2300བསྐྱལ་བ། ཧྲེང་ཐང་མྱུར་སྐྱེལ་གྱིས་ཉིན་རེར་སྒམ300ལྷག་བསྐྱལ་བ། ཅིན་ཏུང་དང་ཀྲུང་ཐང་མྱུར་སྐྱེལ་གྱིས་འབྲེལ་ཡོད་གྲངས་ཀ་ཕྱིར་བསྒྲགས་མེད་པ། ཏེ་པང་མྱུར་སྐྱེལ་གྱིས་སྤྱི་ཟླ7པའི་ཚེས16ཉིན་ཚོང་ཁྲོམ་དུ་ཞུགས་ནས་བཟུང་མྱུར་སྐྱེལ་ཡོང་འབབ་སྒོར་ཁྲི70ལ་ཟིན་པ་ལས་ཉིན་དེའི་གནས་ཚུལ་བཤང་མེད་པ་རེད།

ཚོང་ཁྲོམ་ཆུང་རུང་མྱུར་སྐྱེལ་སྤྱི་གཉེར་ཁང་སོ་སོས་གྲང་འཁོར་བྱ་རྒྱུ་འདི་ལྟ་བུའི་ལས་སྒོ་རྩེ་གྲ་ནི་ལེ་ལག་སྣ་མང་གིས་མཐུན་སྦྱོར་ངང་ཐག་གཅོད་བྱས་པའི་མཇུག་འབྲས་ཡིན་མ་གཏོགས། གྲང་འཁོར་འགས་མཁའ་འགྲུལ་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་ཏེ་འགྲུབ་པའི་བྱ་བ་ཞིག་གཏན་ནས་མིན། ཐོན་ཁུལ་དུ་བརྟག་ཞིབ་བྱས་ནས་ས་ཁོངས་སོ་སོའི་འདེབས་ཁྱོན་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན་ལ་ཆ་རྒྱུས་ཡོད་དགོས་པར་མ་ཟད། ཤ་མོ་ཚོང་ཁྲོམ་དུ་ཐོན་དུས་དང་། ཐོན་ཚད་ཆེ་ཆུང་། སྐྱེལ་ཡུལ་གཙོ་བོ་སོགས་ཀྱི་ཆ་འཕྲིན་ཡང་དག་ཤེས་དགོས། དེ་ནས་མྱུར་སྐྱེལ་མི་སྣ་དང་། སྐུར་སའི་དྲྭ་ཚུགས། གྲང་ཉར་རླངས་འཁོར་བཅས་དང་འཆར་འགོད་ལུགས་མཐུན་བྱ་དགོས། ཤ་མོ་མྱུར་སྐྱེལ་བྱེད་པ་ནི་ཟོང་འགྲུལ་མྱུར་སྐྱེལ་གྱི་སྦྱོང་བརྡར་བྱེད་ས་ཡིན། ཚོང་ཁྲོམ་ཆུང་ཡང་ཆད་ལུས་བྱ་མི་རུང་བ་རེད་ཅེས་བཤད་པ་རེད།། (དབྱངས་ཅན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:རྒྱུན་འཛིན་དང་གསར་གཏོད།
  • དོ་སྣང་ཆེ་བའི་རྩོམ།