རིག་གནས་ཀྱི་བརྩམས་ཆོས་བཏོད་ནས་རྩེ་གྲའི་ སྒྱུ་རྩལ་ལོངས་སུ་སྤྱོད་དུ་འཇུག

        2020-08-20

རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁུལ་ཡོངས་སུ་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས།

སྤྱི་ཟླ8པའི་ཚེས12ཉིན་ལ་གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་རང་ཁུལ་གྱིས་རིག་གནས་བྱ་གཞག་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་བླ་ན་མེད་པར་བྱས་ཏེ་རིག་གནས་དམངས་ཕན་གྱི་ལས་གྲྭ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན། གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་དང་གཙོ་གནད་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་མཐར། རིག་གནས་ཡོངས་སུ་ཁྱབ་པར་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་པར་བསྐངས་བ་རེད།

གླ་རིན་མི་ལེན་པའི་སྒོ་འབྱེད་པའི་ལས་ཀའི་ཐད། རང་ཁུལ་དུ་སྤྱི་པའི་དཔེ་མཛོད་ཁང19དང་རིག་གནས་ཁང19 གྲོང་ཡུལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚུགས325། དངོས་མང་བཤམས་སྟོན་ཁང3བཅས་ཏོག་གསར་གློ་རིམས་བྱུང་བའི་དབང་གིས་སྒོ་བརྒྱབ་པ་དེ་མིག་སྔར་ཚང་མ་སྤྱི་དམངས་ལ་རིན་པ་མི་ལེན་ནས་སྒོ་ཕྱེ་ཡོད་པ་རེད། མིག་སྔའི་བར་རིན་པ་མི་ལེན་པར་སྒོ་ཕྱེ་ཚད་མིའི་ཐེངས་གྲངས་ཁྲི25ལྷག་ཙམ་ལ་ཟིན་ཡོད་པ་རེད།

རིག་གནས་གྲོང་ཡུལ་དུ་སྤེལ་བའི་ལས་དོན་ཐད། སྤྱི་ཟླ5པའི་ཟླ་མཇུག་ལ་སླེབས་དུས་རང་ཁུལ་གྱི་རྫོང་(གྲོང་ཁྱེར་)ཁག་ཅིག་གིས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རིམ་བཞིན་སླར་གསོ་བྱས་ནས་མིག་སྔའི་བར་རིག་གནས་གྲོང་ཡུལ་དུ་སྤེལ་བའི་བྱེད་སྒོ་ཁྱོན་བསྡོམས་ཐེངས279སྤེལ་ཤིང་། མང་ཚོགས་མིའི་ཐེངས་གྲངས78000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

རིག་རྩལ་བརྩམས་ཆོས་གསར་རྩོམ་གྱི་ལས་ཀའི་ཐད། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱི་བླང་བྱ་ལྟར། ཁུལ་ཡོངས་ཀྱི་རིག་རྩལ་ལས་སྒྲུབ་པ་སྒྲིག་འཛུགས་བྱས་ཏེ“རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”རྒྱུའི་བརྗོད་གཞི་བྱས་པའི་གླུ་གཞས་དང་སྙན་ངག ལྷུག་རྩོམ་ལ་སོགས་པའི་རྩོམ་ལུགས་མི་འདྲ་བའི་རིག་རྩལ་བརྩམས་ཆོས་ཁྱོན་བསྡོམས300ལྷག་ཙམ་གསར་རྩོམ་བྱས་ཡོད། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དངབསམ་ཕྱོགས་གཅིག་བསྒྲིམས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་བསམ་པའི་ཉམས་འགྱུར་མཚོན་ཡོད་པ་རེད།

འཁྲབ་ཚན་རྩེ་གྲ་གཏོད་པའི་ཐད། ཞིང་ཆེན་རིག་གནས་ཐིང་གི་བཀོད་སྒྲིག་ལྟར་བྱས་པས་མ་ཚད་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རང་ཁུལ་གྱིས《དཀར་མཛེས་ཁུལ་གྱི་ཟློས་གར་འཁྲབ་ཚན་གཏོད་པའི་་ལོ་ལྔའི་འཆར་གཞི》དང《དཀར་མཛེས་ཁུལ་གྱི་གཙོ་གནད་འཁྲབ་ཚན་གཏོད་པའི་ལོ་གསུམ་གྱི་འཆར་གཞི》བཟོས་པ་དང་ད་ལོར་ཚོང་དོན་འཁྲབ་སྟོན་འཁྲབ་ཚན《དར་མདོའི་མཛའ་གཞས》ཀྱི་གར་སྟེགས་ཟློས་གར་དང《ཕུགས་འདུན་ཁྲོད་ཀྱི་ཤམ་བྷ་ལ》ཞེས་པའི་དངོས་ལྗོངས་ཟློས་གར་གཙོ་གནད་དུ་གཏོད་རྒྱུ་རེད། མིག་སྔར《དར་མདོའི་མཛའ་གཞས》ལ་ཆེད་རམས་པ་ཚོས་དཔྱད་ཞིབ་ལས་དོན་སྤེལ་བཞིན་ཡོད་པ་དང《རྨི་ལམ་ནང་གི་ཤམ་བྷ་ལ》ཞེས་པ་དེ་སྤྱི་ཟླ5པའི་ཚེས27ཉིན་ཐོག་མར་འཁྲབ་སྟོན་བྱས་ཡོད་པ་རེད།

རིག་རྩལ་བྱེད་སྒོ་ཆེ་གྲས་ཀྱི་ཐད། ཏོག་གསར་གློ་ཚད་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་སྤྱི་ཟླ5པའི་ཟླ་མཇུག་ཏུ་རང་ཁུལ་གྱི་རྫོང་(གྲོང་ཁྱེར་)ཁག་ཅིག་གིས་རིག་རྩལ་བྱེད་སྒོ་རིམ་བཞིན་སླར་གསོ་ཐུབ་པ་དང་ཆབས་ཅིག་རང་ཁུལ་གྱིས་ཇུས་འགོད་ཧུར་ཐག་བྱས་ཏེ། ཁུལ་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོས་གཙོ་བོར་འཛིན་པ་དང་ཁུལ་རིམ་པའི་རིག་གནས་སྡེ་ཚན་(སྒྲིག་གཞི་)གཙོ་གནད་དུ་བཟུང་དེ་རྫོང་(གྲོང་ཁྱེར་)ཚོགས་པ་རྟེན་གཞིར་བྱས་ནས་ལོ་སྨད་དུ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་རྒྱུའི་ཇུས་འགོད་དང་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁུལ་གླུ་གར་ཚོགས་པ་དང་། ཁུལ་རིག་གནས་ཁང་། ཁུལ་དཔེ་མཛོད་ཁང་། དེ་བཞིན་རྫོང(གྲོང་ཁྱེར)ཁག་གི་སྒྱུ་རྩལ་ཚོགས་པ། “ཝུའུ་ལན་མུའུ་ཆིའི”འཁྲབ་སྟོན་རུ་ཁག་བཅས་སྒྲིག་འཛུགས་བྱས་ནས་རིག་རྩལ་ཞིང་འབྲོག་ཁུལ་དུ་སྤེལ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་རྒྱུ་ཡིན་པ་རེད། (ལྷ་འཛོམས་ཀྱིས་བསྒྱུར།)

  • ལེ་ཚན་སྔོན་མ།:གླུ་གར་གྱི་རྒྱ་མཚོ་འཁྱིལ་བའི་གསེར་ཐར་རྩྭ་ཐང་།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།