ཉག་རོང་རྫོང་གི་བང་སྨད་ཤང་སྟོད་སྨད་པའི་གྲོང་དུ་བྱིས་པ་ཁང་དངོས་སུ་བཙུགས།

ཡེ་ཤེས་ལྷ་མོས་བྲིས་ཤིང་པར་བླངས།        2017-09-08

ཉག་རོང་རྫོང་གི་བང་སྨད་ཤང་སྟོད་སྨད་པའི་གྲོང་དུ་བྱིས་པ་ཁང་དངོས་སུ་བཙུགས།

ཟླ9པའི་ཚེས1ཉིན། ཉག་རོང་རྫོང་གི་བང་སྨད་ཤང་སྟོད་སྨད་པའི་གྲོང་ནང་དུ་ཉི་མ་དམར་པོ་ཞེས་མིང་བཏགས་པའི་བྱིས་པ་ཁང་དངོས་སུ་འཛུགས་པའི་མཛད་སྒོ་སྤེལ་བ་རེད། བྱིས་པ་ཁང་ལ་རོགས་སྐྱོར་གནང་བའི་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཏེང་ཁྲུན་ཧྲེང་བྱིས་པ40དང་ཁྱིམ་བདག་རྣམས་དང་མཉམ་དུ་བང་སྨད་ཤང་སྟོད་སྨད་པའི་གྲོང་གི་ཉི་མ་དམར་པོའི་བྱིས་པ་ཁང་དངོས་སུ་འཛུགས་པའི་མཛད་སྒོར་ཞུགས་ནས་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

མཛད་སྒོ་ཐོག་ཏུ་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཏེང་ཁྲུན་ཧྲེང་གིས་ཉི་མ་དམར་པོ་བྱིས་པ་ཁང་འཛུགས་པར་རེ་བ་ཁེངས་ཤིང་སྟོད་སྨད་པའི་གྲོང་གི་བྱིས་པ་ཐམས་ཅད་ལ་ཕུལ་བྱུང་གི་སློབ་གསོ་ཐོབ་པའི་སྨོན་འདུན་ཞུས། རྫོང་ཨུ་རྒྱུན་ཨུ་ཕེ་ལིན་ཡོན་གྱིས་བྱིས་པ་ཁང་འཛུགས་པར་རྟེན་འབྲེལ་ཞུས་པས་མ་ཚད་སྟོད་སྨད་པའི་གྲོང་གི་བྱིས་པའི་ཁང་འཕེལ་རྒྱས་བཏང་ནས་ཤང་གྲོང་བྱིས་པ་ཁང་གི་དཔེ་སྟོན་སར་བསྐྲུན་དགོས་ཞེས་གསུངས་པ་རེད།

     སྟོད་སྨད་པའི་གྲོང་གི་བྱིས་པ་ཁང་བདེ་བླག་ངང་བཙུགས་པ་འདི་ནི་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་མོ་ཡིས་གྲོང་རེ་ལ་བྱིས་པ་ཁང་རེ་འཛུགས་པའི་འཆར་འགོད་ཡིན་ཞིང་བོད་ཁུལ་སློབ་གསོ་འཕེལ་རྒྱས་ལ་ནུས་ཤུགས་བཏོན་ནས་སློབ་ན་མ་སོན་གོང་གི་སློབ་གསོ་མེད་པའི་ལོ་རྒྱུས་ཀྱི་མཇུག་བསྒྲིལ་བ་རེད། ས་གནས་དེའི་རྒྱ་ཆེན་མང་ཚོགས་ཀྱིས་ཤིན་ཏུ་དགའ་བསུ་ཞུ་ལ་སི་ཁྲོན་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གྲྭ་ཆེན་མོས་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཡང་ཡང་ཞུས་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་ཁྲིམས་འཛིན་ཅུས་ཀྱིས་དགོན་པར་ཁྲིམས་ལུགས་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དབུལ་ཕོངས་སློབ་མར་སློབ་ཞུགས་རོགས་སྐྱོར་སྒོར་ཁྲི4.7བྱིན།
  • དོ་སྣང་ཆེ་བའི་རྩོམ།