གློག་གིས་དཀར་མཛེས་བོད་ཁུལ་གྱི་འབྱོར་འབྲིང་ལམ་བུ་གསལ།

ལྷ་འཛོམས།        2020-07-10

    ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་དུ་གློག་དྲྭ་འཛུགས་སྐྲུན་བྱས་ནས་རང་ཁུལ་གྱི་དུད་ཚང་གཅིག་ཀྱང་མ་ལུས་པར་གློག་གིས་གསལ།

  “དེང་སང་གློག་དྲྭ་བསྒྱུར་བཀོད་ལེགས་གྲུབ་བྱུང་ནས་ང་ཚོས་བློ་བདེ་པོས་བརྙན་འཕྲིན་ལྟ་ཐུབ་བྱུང་།”ཉག་རོང་རྫོང་རྩི་ཐོག་གཤིས་ཡུལ་ཤོག་བཀའ་སྒང་གྲོང་སྡེའི་གློག་དྲྭ་བསྒྱུར་བཀོད་བྱ་ཡུལ་དུ་གྲོང་དམངས་ཨུ་ལྷན་གྱི་ཀྲུའུ་རེན་ཨ་རྒྱལ་གྱིས་གློག་ཤུགས་ལས་མིར“སྔོན་ཆད་གློག་ཤུགས་མི་འདང་བའི་རྐྱེན་གྱིས་དུས་རྒྱུན་དུ་བརྙན་འཕྲིན་ཡང་ལྟ་མི་ཐུབ་པ། ད་གློག་དྲྭ་བསྒྱུར་བཀོད་མགྱོགས་ཙམ་བྱས་ནས་འཚོ་བའི་གློག་མཁོ་འདོན་ལེགས་སུ་གཏོང་བར་མ་ཟད། ང་ཚོས་བཏབ་པའི་མོག་ནག་པོ་ཡང་ཆར་པ་དང་ཁ་བ་བབས་ནས་སྐམ་མི་ཐུབ་རྒྱུར་སེམས་ཁྲལ་བྱེད་མི་དགོས་པ་རེད་ཅེས་བཤད།

     ན་ནིང་སྤྱི་ཟླ6པའི་ཚེས18ཉིན་གྱི་ཆུ་ཚོད17དང་སྐར་མ11ཐོག་ལ་དུས་ཡུན་ཟླ་བ་གསུམ་རིང་བསྐྲུན་པའི་དཀར་མཛེས་རྫོང་རྫ་ཁོག་ཡུལ་ཤོག་སྨད་ཡུལ་ལུང་གྲོང་སྡེའི་གློག་སྦྱོར་བསྒྱུར་བཀོད་ལས་གཞི་གྲུབ་ནས་སྤྱོད་མགོ་ཚུགས་པ་དེས་དཀར་མཛེས་རྫོང་གི་སྲིད་འཛིན་གྲོང་སྡེ219ལ་རྒྱལ་ཁབ་གློག་དྲྭ་ཁེབས་ཚད་བརྒྱ་ཆ100ལ་ཟིན་པ་མཚོན་པ་རེད།

   “སྔོན་ཆད་ཉི་ནུས་ལ་བརྟེན་ནས་གློག་འདོན་དུས་གློག་ཆུང་བའི་དབང་གིས་ང་ཚོས་གློག་གི་ཐབ་ཆས་གཏན་ནས་སྤྱོད་མ་མྱོང་བར་མ་ཟད། ཐ་ན་བརྙན་འཕྲིན་ཡང་གློག་སྒོ་འབྱེད་མི་ཐུབ་པ་དང་། བྱིས་པས་ལས་བྱ་འབྲི་སྐབས་ད་དུང་སྒྲོན་མེ་སྤར་དགོས་ལེ་རེད།ད་ལྟར་རྒྱལ་ཁབ་ཀྱི་གློག་དྲྭ་ཤར་གཏོང་ཐུབ་ནས་གློག་གནོན་བརྟན་ཞིང་གློག་སྒྲོན་གསལ་བ་དང་བརྙན་འཕྲིན་ལྟ་ཐུབ་པར་མ་ཟད། ངས་ད་དུང་གོས་འཁྲུའི་འཕྲུལ་ཆས་དང་འཁྱགས་སྒྲོམ་ཉོས་པ་ཡིན།”སྨད་ཡུལ་ལུང་གྲོང་སྡེའི་དུད་ཚང་དབུལ་ཕོངས་ཇོ་པོས་དགའ་ཚོར་ཆེན་པོས་དེ་ལྟར་བཤད་པ་རེད།

    སྨད་ཡུལ་ལུང་གློག་དྲྭ་ཡན་ལག་སྐུད་ལམ་ལས་གཞི་དེ2019ལོའི་སྤྱི་ཟླ4པར་སྐྲུན་མགོ་ཚུགས་ཤིང་། མ་དངུལ་སྒོར་ཁྲི750.48བཏང་ནས་སྟོང་ཧྥུ10ཡི་སྐུད་ལམ་སྤྱི་ལེ23.417དང་དམའ་གནོན་སྐུད་ལམ་སྤྱི་ལེ6.95ལ་ཟིན་པ་ཞིག་བསྒྱུར་བཀོད་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་སྨད་ཡུལ་ལུང་གྲོང་སྡེའི་དུད་ཚང84ཡི་འབྲོག་པ་མང་ཚོགས་ཀྱི་གློག་སྦྱོར་བསྒྱུར་བཀོད་ལས་གྲྭ་དུས་ཚོད་སྔ་སྣུར་བྱས་ནས་ལེགས་སུ་གྲུབ་པ་རེད།

    ན་ནིང་ལོའི་སྤྱི་ཟླ་དང་པོའི་ཚེས18ཉིན་གྱི་ཆུ་ཚོད20དང་སྐར་མ22ཐོག་ཉག་ཆུ་ཧོར་རར་སྟོང་ཧྥུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དང་དེའི་སྟོང་ཧྥུ10ཡི་ཆ་ཚང་སྒྲིག་པའི་ལས་གྲྭ་དངོས་སུ་ཚོད་ལྟ་འཁོར་སྐྱོད་བྱེད་པའི་དུས་རིམ་དུ་སླེབས་པ་རེད། ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་ལས་གཞི་འདིར་མ་དངུལ་བསྡོམས་འབོར་སྒོར་ཁྲི2218བཏང་ནས་ཉག་ཆུ་རྫོང་ཧོར་ར་ཡུག་སྦྲེལ་ས་ཁུལ་གྱི་ཧོར་ར་ཡུལ་ཤོག་དང་སྡེ་ཚྭ་ཡུལ་ཤོག་གི་དུས་ཡུན་རིང་པོར་གློག་མཁོ་འདོན་གྱི་དྲྭ་སྒྲོམ་ཞན་པའི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱས་ཏེ་ཡུག་སྦྲེལ་ས་ཁུལ་དེའི་གློག་དྲྭའི་གློག་མཁོ་འདོན་གྱི་སྤུས་ཚད་དང་གློག་མཁོ་འདོན་གྱི་བརྟན་པོའི་རང་བཞིན་ཆེ་རུ་ཕྱིན་པ་རེད།

    ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་གློག་དྲྭ་ལས་གཞི་འཛུགས་སྐྲུན་བྱེད་ས་ཕལ་ཆེར་ཐག་རིང་ལུང་ཁུག་ཏུ་ཡིན་ཞིང་། གྲང་ངར་ཆེ་ཞིང་དབྱང་དབུགས་མི་འདང་ཞིང་ལ་འགྲིམ་འགྲུལ་སྟབས་མི་བདེ་བ། འཛུགས་སྐྲུན་གྱི་ཆ་རྐྱེན་ཞན་པ་སོགས་ཀྱི་གནད་དོན་སྣ་ཚོགས་བྱུང་བ་རེད། དེ་ནས་བགྲོད་ལམ་མི་བདེ་ཞིང་རྒྱུ་ཆ་སྐྱེལ་འདྲེན་དཀའ་ན་ཡང་དཀར་མཛེས་གློག་ཤུགས་ཀྱི་འཛུགས་སྐྲུན་པའི་འཛུགས་སྐྲུན་གྱི་གོམ་སྟབས་འགོག་ཐུབ་མེད། 2019ལོར་རྒྱལ་ཁབ་གློག་དྲྭ་དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་གིས་ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གི་གློག་དྲྭ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བའི་ནང་སྟོང་ཧྥུ10དང་དེའི་མན་ཆད་ཀྱི་གྲོང་གསེབ་ཀྱི་དྲྭ་སྦྱོར་ལས་གཞིའི་ཐད་ལ་མ་དངུལ་སྒོར་དུང་ཕྱུར3.19བཏང་ནས་རིང་ཚད་བསྡོམས་འབོར་སྤྱི་ལེ510ལ་ཟིན་པའི་སྟོང་ཧྥུ10ཡི་སྐུད་ལམ82གསར་དུ་བསྐྲུན་པ་དང་གློག་སྦྱོར་གློག་གནོན་སྒྱུར་ཆས440གསར་དུ་བསྣན་པ། སྤྱིའི་ཤོང་ཚད་ནི་སྟོང་ཧྥུ་ཨན43350ལ་ཟིན་པ། གཞན་ཡང་སྤྱི་ལེ549ཡི་དམའ་གནོན་སྐུད་ལམ་གསར་སྐྲུན་བྱས་ཡོད། ལས་གཞི་དེས་ཁུལ་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ56གི་གྲོང་སྡེ་དབུལ་ཕོངས153ལ་ཁེབས་ནས་གྲོང་གསེབ་ཀྱི་ས་ཁུལ་དབུལ་ཕོངས་ཀྱི་དུད་ཚང་ཁྲི1.4དང་མི་ཁྲི4.7ལ་ཕན་ཆེན་པོ་ཐོགས་ཡོད། 2019ལོར་ལས་གཞི་ཡོངས་རྫོགས་དུས་བཀག་ལྟར་ཨར་ལས་གྲུབ་ནས་ཞིབ་བཤེར་རྩིས་ལེན་ལེགས་སུ་གྲུབ་ཟིན་ཡོད།

    རི་མཐོ་ལུང་སྟོང་དུ་དཀའ་སྤྱད་འབད་འཐབ་བྱས་ཏེ་གློག་དྲྭ་འཛུགས་སྐྲུན་ལེགས་འགྲུབ་ངང་མཇུག་བསྡུ་བ།

ད་ལོའི་སྤྱི་ཟླ་གཉིས་པར་ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་ས་ཁུལ་ཤིན་ཏུ་དབུལ་ཕོངས་ཀྱི་གློག་དྲྭ་འཛུགས་སྐྲུན་ལས་གཞི་ལྡོག་རྩིས་དུས་ཚོད་སུ་སླེབས་ཡོད། རྒྱལ་ཁབ་གློག་དྲྭ་དཀར་མཛེས་སྤྱི་གཉེར་ཁང་གིས་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབ་ལ་ཞིབ་འཇུག་གང་ལེགས་བྱས་རྗེས་སྤྱི་ཟླ2པའི་ཟླ་དཀྱིལ་དུ་ཨར་པོ་རྒྱག་མཁན་མི་སྣ་སྒྲིག་འཛུགས་བྱས་ནས་ཨར་ལས་ལས་སུ་བཅུག་པ་རེད། རྒྱལ་ཁབ་གློག་དྲྭ་དཀར་མཛེས་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་ཁྲེན་ཞའོ་ཏུང་གིས་གསར་འགོད་པར་བཤད་རྒྱུར། ང་ཚོས་ཁུལ་ནང་དུ་ཕྱིར་ལོག་པའི་མིར་ཁྱིམ་སྡོད་ལོགས་བཀར་ལག་བསྟར་ནན་པོ་བྱ་དགོས་པའི་བླང་བྱ་བཏོན་ཞིང་། བདེ་ཐང་ལག་ཁྱེར་རག་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱས་ཏེ་རིམས་ནད་འགོག་བཅོས་དང་ལས་གྲྭའི་འཕེལ་རིམ་གཉིས་ཀར་འགོར་འགྱངས་མི་འགྲོ་བ་བྱས་དང་བྱེད་བཞིན་ཡོད་པ་རེད།

    ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་གློག་དྲྭ་འཛུགས་སྐྲུན་ལས་གཞིར་མ་དངུལ་སྒོར་དུང་ཕྱུར13.1བཏང་བ་དང་ཁུལ་ནང་གི་རྫོང(གྲོང་ཁྱེར)15དང་འབྲེལ་བ་ཡོད། སྤྱི་ཟླ6པའི་ཚེས30ཉིན་གྱི་སྔོན་དུ་ལས་གཞི་ཚང་མ་བསྐྲུན་ཟིན་ནས་སྤྱོད་མགོ་ཚུགས་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲྭ་དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་གིས་སུས་འཇོན་དེ་འགུག་དང་ལས་གཞི་ཞིབ་བཤེར་བྱས་ཏེ། སྔོན་མར་དུས་ཚོད་ཟླ་བ་གཉིས་འགོར་བ་དེ་ཟླ་ཕྱེད་ཙམ་བར་ཐུང་དུ་བཏང་ཞིང་། གོང་དུ་ཞིབ་བཤེར་ཆོག་མཆན་སྤྲོད་ཞོར་དུ་ཨར་ལས་རྒྱག་པ་དང་། ལས་ཡུན་དམ་འཛིན་བཅས་བྱས་ནས་ལས་གཞིའི་འཕེལ་རིམ་དམ་འཛིན་དང་ལས་གཞིའི་སྤུས་ཚད་ཁག་ཐེག་བྱས་པ་རེད།

    ལི་ཐང་རྫོང་ཞབས་པ་ཡུག་སྦྲེལ་ས་ཁུལ་ཁོངས་གཏོགས་ཀྱི་ཡུལ་ཤོག་གསུམ་དེ་ཚང་མ་ས་ཁད་མཐོ་ཚད་མཚོ་འཕགས་སྨི3800ནས་སྨི4600བར་ཟིན་པ་དང་ལོ་འཁོར་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ5ནས10བར་ལས་མེད། ཆུ་ཤུགས་གློག་འདོན་ཁང་ཆུང་གྲས་ཤིག་གིས་ལོ་རེར་གློག་གཏོང་བའི་དུས་ཚོད་ཆུ་ཚོད3000ཡང་ཟིན་མེད་པས། ས་གནས་དེ་གའི་ཞིང་དུད་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ལ་གློག་སྤྱོད་རྒྱུར་ཚོད་འཛིན་ཚབས་ཆེན་བཟོས་པ་རེད། དེ་ནས་ཞབས་པའི་སྟོང་ཧྥུ35ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་མགོ་ཚུགས་རྗེས། ཞབས་པ་ཡུག་སྦྲེལ་ས་ཁུལ་གྱི་གློག་དྲྭ་དང་རྒྱལ་ཁབ་གློག་དྲྭའི་གློག་དྲྭ་གཙོ་བོ་དྲྭ་སྦྲེལ་ཐུབ་ནས་ཞབས་པ་ཡུག་སྦྲེལ་ས་ཁུལ་གྱི་དུད་ཚང805ཡི་རྒྱུན་གཏན་འཚོ་བ་དང་ཞིང་འབྲོག་འདེབས་གསོ། ཐོན་རྫས་ལས་སྣོན་རགས་རིས་སོགས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

    “དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་དེ་ལས་གཞི་འདིའི་སྒྲུབ་དཀའ་ཤོས་ཀྱི་བྱ་བ་ཞིག་རེད”ཁྲེན་ཞའོ་ཏུང་གིས་གསར་འགོད་པར་དེ་ལྟར་བཤད། གློག་དྲྭ་རོགས་སྐྲུན་བྱེད་མཁན་གྱིས་རྟ་དྲེལ་དང་འབྲེང་ལམ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་བགྲོད་ལམ་ལས་ཏེ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་ཚོས་རྐང་ཐང་དུ་ཕྱིན་ནས་རོགས་སྐྲུན་གྱི་ལམ་བུ་ཞིག་བཏོད་པ་རེད།

    ལས་གྲྭའི་ལས་ཡུལ་དངོས་སུ་གློག་ཁྲིད་བྱེད་ཀྱི་ལྕགས་སྒྲོམ་ཐོག་འཁྱགས་རོམ་ཆགས་ནས་ཡར་འཛེག་པའི་དུས་ཚོད་ནི་ཀླུང་ཐང་ས་ཁུལ་ལས་ལྡབ་གཅིག་རིང་ཞིང་། ད་དུང་ཆུ་ཆར་པ་དང་རླུང་ལྷགས་པ། ས་སེར་སོགས་ཀྱི་གནམ་གཤིས་འཕྲད་དུས་ལས་ཡུན་མྱུར་ཚད་དེ་ཀླུང་ཐང་ས་ཁུལ་ལས་ལྡབ་གཅིག་ཙམ་དལ་སོང་བ་རེད།

    ཉིན་ཤས་གོང་ས་ཁུལ་ཆེན་པོ་གསུམ་དང་ཁུལ་གསུམ་གྱི་ཤིན་ཏུ་དབུལ་ཕོངས་ས་ཁུལ་གྱི་གློག་དྲྭ་འཛུགས་སྐྲུན་ལས་གཞི་དེ་གཅིག་བསྡུས་ཀྱིས་མཇུག་བསྡུས་ཏེ། རིམ་བཞིན་དུ་ཞིང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་ཐད་གློག་སྤྱོད་རྒྱུའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས་ས་ཁུལ་ཤིན་ཏུ་དབུལ་ཕོངས་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་གཏོང་བར་ནུས་ཤུགས་འདོན་རོགས་ཐུབ་ངེས་རེད།།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:རང་བྱུང་ཁམས་ཆེན་པོས་འགྲོ་བ་མི་ལ་གནང་བའི་དཔལ་ཡུལ་གྱི་མཛེས་ལྗོངས།
  • དོ་སྣང་ཆེ་བའི་རྩོམ།