རང་ཁུལ་གྱིས་ཀྲུང་གོའི་ལྗོངས་རྒྱུ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དབྱངས་ཅན་དང་དངོས་གྲུབ་སྒྲོལ་མས་བསྒྱུར། 2015-06-09
ཁོངས་ཡོངས་ཀྱི་ཐོན་ཁུངས་དང་། ཁྱོན་ཡོངས་སུ་བཀོད་སྒྲིག མངའ་ཁོངས་ཡོངས་སུ་གསར་འཛུགས། ཁྱོན་ཡོངས་སུ་ཞུགས་རྒྱུ་བཅས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་ལས་རིགས་ཁག་གིས་རྒྱུན་མཐུད་དུ་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ་སྐུལ་སྤེལ་གཏོང་གང་ཐུབ་བྱེད་ཆེད། ཟླ་བ5པའི་ཚེས19ཉིན་ཀྲུང་གོའི་ལྗོངས་རྒྱུ་ཉིན་མོ་ལ་ཁུལ་ལྗོངས་རྒྱུ་འཕེལ་རྒྱས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་རང་ཁུལ་གྱི2015ལོའི་ཀྲུང་གོའི་ལྗོངས་རྒྱུ་ཉིན་མོས་བརྗོད་བྱ་གཙོ་བོ་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁུལ་ཨུའི་ཞིང་ལས་དང་ཞིང་སྡེའི་ལས་སྒྲུབ་ཁང་དང་། ཁུལ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། དར་མདོ་གྲོང་ཁྱེར་ལྗོངས་རྒྱུ་ཅུས་དང་དར་མདོ་ས་ཁུལ་གྱི་སྐད་གྲགས་ལྡན་པའི་མགྲོན་ཁང་། ལྗོངས་རྒྱུ་ལས་དོན་ཁང་སོགས་ལས་ཁུངས་མང་པོས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་རྣམས་ལ་གནོད་མེད་ལྗོངས་རྒྱུ་དང་། ཚུལ་ལྡན་ལྗོངས་རྒྱུ། འཆམ་མཐུན་ལྗོངས་རྒྱུ་བཅས་ཀྱི་གྲོས་གཞི་འདོན་ཡིག་བཀྲམ་པར་མ་ཟད་བློ་འདྲིའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཁུལ་ཡོངས་ཀྱི་རྫོང་ཁག་བཅོ་བརྒྱད་ཀྱི་ལྗོངས་རྒྱུའི་འབྲེལ་ཡོད་ཡིག་རིགས་དྲིལ་བསྒྲགས་བྱས་ནས། རྒྱ་ཆེ་བའི་གྲོང་ཁྱེར་གྱི་ཡུལ་མི་དང་ལྗོངས་རྒྱུ་བས་དཀར་མཛེས་ཁུལ་གྱི་ལྗོངས་རྒྱུ་ཕྱོགས་སྟོན་དང་དཀར་མཛེས་ཁུལ་གྱི་ལྗོངས་རྒྱུའི་འཕྲིན་ཕྲན་ལ་དོ་སྣང་བྱ་རྒྱུའི་རེ་སྨོན་ཞུས་པ་དང་། གློག་རྡུལ་འདྲ་བཤུ་འཕྲུལ་ཆས་ཀྱི་བྱེད་སྟངས་བརྒྱུད་ནས་ཆ་འཕྲིན་དྲ་བ་ཅན་དུ་འགྲུབ་ཐབས་བྱས་པ་རེད། དེ་མིན་ད་དུང་ཁོངས་ཡོངས་སུ་ལྗོངས་རྒྱུའི་མ་ལག་བརྒྱད་ཞུགས་པའི་རབ་བཏགས་རི་མོའང་ཉིན་དེར་འགྲེམ་སྟོན་བྱས་པ་དང་། གསོན་ཉམས་ལྡན་པའི་རབ་བཏགས་རི་མོའི་རྣམ་པར་འབྱེད་ནས།ཁོངས་ཡོངས་ཀྱི་ལྗོངས་རྒྱུ་དེ་ལས་ཁུངས་དང་། སློབ་གྲྭ། དགོན་པ་སོགས་ལ་ཁྱབ་སྤེལ་བྱས་ནས་ཁོངས་ཡོངས་ཀྱི་ལྗོངས་རྒྱུའི་ལས་ཀ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་ལྗོངས་རྒྱུ་ཅུས་ཀྱིས་ད་དུང་དྲིལ་བསྒྲགས་ལས་ཀ་རིམ་མཐུད་དུ་སྐུལ་སྤེལ་བྱ་རྒྱུ་དང་། ལྗོངས་རྒྱུའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཟབ་ཏུ་སྤེལ་ནས། དཀར་མཛེས་ཁུལ་གྱི་ལྗོངས་རྒྱུའི་དྲིལ་བསྒྲགས་པ་བརྩོན་ལེན་བྱེད་པའི་ཁོར་ཡུག་བཟང་པོ་སྐྲུན་གང་ཐུབ་བྱས་ནས།མཛེས་སྡུག་གི་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།།