རང་ཡུལ་རང་གིས་བསྐོར་ནས་དར་རྩེ་མདོ་རུ་འཛོམས་བྱུང་།

ཨོ་རྒྱན་དོན་གྲུབ།        2020-06-12

རང་ཡུལ་རང་གིས་བསྐོར་ནས་དར་རྩེ་མདོ་རུ་འཛོམས་བྱུང་།

བོད་ཀྱི་རྩོམ་པ་པོ་གངས་དབང་ལགས་ཀྱི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་མུ་འབྲེལ་ལྷུག་རྩོམ་རིང་མོའི་དེབ་ཕྲེང་དང་པོའི་བགྲོ་གླེང་གྲོས་ཚོགས་ཀྱི་ཟུར་བྲིས།


      དཔྱིད་དཔལ་སྒེག་མོའི་འཛུམ་མདངས་མཐོ་སྒང་གི་རི་ཀླུང་ཀུན་ལ་ཁྱད་མེད་དུ་བཞད་ཅིང་།ཤར་དར་རྩེ་མདོའི་ལུང་པ་འདི་ལའང་སྔོ་ལྗང་གོས་བཟང་གིས་ཡོངས་སུ་བཀླུབས་ཏེ་མདུན་རི་འཇམ་པའི་དབྱངས་ཀྱི་གནས་ལྷ་མོ་རྩེའི་རི་རྩེ་མཁའ་ལ་བསྙེགས་ཤིང་རི་ཕྲན་མང་པོས་མཐའ་ནས་བསྐོར་བ།རྒྱབ་རི་ལ་ཨ་ལ་འབོ་སྒང་ཞེས་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་རི་བོ་བརྗིད་ཅིང་མཐོ་བ།གཡོན་རི་འཛོམས་བྲག་རི་བོ་ཞེས་ཕྱག་ན་རྡོ་རྗེའི་གནས་རིར་གྲགས་པའི་བྲག་དམར་པོའི་རྩེ་མོ་དགུང་ལ་བསྙེགས་པ་བཅས་འཕགས་པ་རིགས་གསུམ་མགོན་པོའི་རི་བོ་གསུམ་གྱིས་མཐའ་ནས་བསྐོར་ཏེ་རི་རྩེ་གངས་ཀྱིས་བཟུང་ཞིང་རི་སྐེད་ནགས་ཀྱིས་བརྒྱན།རི་འདབས་གྲོང་ཁྱེར་ཆགས་པ་སོགས་ངོ་མཚར་བའི་ས་དཔྱད་ཡོངས་སུ་ཚང་བའི་ཡུལ་ཁམས་འདིར་སྐྱིད་སྡུག་ཆགས་འཇིག་གི་རི་མོ་གདོང་ལ་དོད་བཞིན་དར་རྒུད་འཇིག་རྟེན་གྱི་སྣང་ཚུལ་རིས་སུ་བཀྲ་བཞིན་སྣོད་བཅུད་ཀྱི་མཛེས་སྡུག་ཚང་མ་སྔར་མུས་སུ་གནས་ལ། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རྩི་ཤིང་དང་སྤང་ལྗོངས་ཀྱིས་ཁྱབ་ཅིང་མེ་ཏོག་དཀར་དམར་ཕྲ་ཚོམ་གྱིས་ཡོངས་སུ་བརྒྱན་པ།ལྗོན་ཤིང་ནགས་ཚལ་ཚིང་ཚིང་འཁྲིགས་པའི་དབུས་ནས་གཞན་གསོའི་དྲུག་འགྱུར་བུ་མོའི་གསུང་དབྱངས་སྙན་མོ་ཡུལ་དར་མདོ་ལུང་པར་གནས་བཅའ་ཞིང་ཕ་སྐད་མ་ཡིག་ལ་དུང་བ་ཟབ་པའི་མི་བུ་སྐོར་ཞིག་གི་ཐོས་འཛིན་སྙན་གྱི་ལམ་དུ་བཀྲ་ཤིས་དགེ་བའི་ཉིན་མོ་ཞིག་གི་བརྡ་རུ་གྲགས།

      བཀྲ་ཤིས་དགེ་བའི་མཚན་མ་འབུམ་གྱིས་ཕྱུག་ཅིང་བདེ་ལེགས་ཕུན་ཚོགས་ཀྱི་གཟའ་སྐར་མཁའ་ལ་བཀྲ་བ།ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར།། དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ་པའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་མོ་སྟེ་སྤྱི་ཟླ6པའི་ཚེས6ཉིན་ལ། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། དར་མདོ་ཞི་ལམ་མགྲོན་ཁང་གིས་སྒྲུབ་འགན་ཁུར་བའི་བོད་ཀྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ལགས་ཀྱི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་མུ་འབྲེལ་ལྷུག་རྩོམ་རིང་མོའི་དེབ་ཕྲེང་དང་པོའི་འགྲེམ་སྤེལ་དང་བགྲོ་གླེང་གྲོས་ཚོགས་དར་མདོའི་ཞི་ལམ་མགྲོན་ཁང་དུ་གཉེར།

     གྲོས་ཚོགས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ལྕང་ཞབས་འགྱུར་མེད་ཚེ་དབང་ལགས་དང་དགེ་རྒན་ཨ་འབུམ་བློ་བཟང་དམ་ཆོས། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་། དར་མདོ་སློབ་འབྲིང་གི་སློབ་གཙོ་གཞོན་པ་དགེ་རྒན་བསམ་འཕེལ།དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་དཀོན་མཆོག་དབང་རྒྱལ། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུ།གངས་དཀར་རི་བོ་དུས་དེབ་ཁང་གི་སྤྱི་ཁྱབ་གཙོ་སྒྲིག་པ་ནད་མེད་ཕུན་ཚོགས་སོགས་བོད་ཀྱི་མཁས་དབང་སྐོར་ཞིག་དང་།དཀར་མཛེས་གསར་འགྱུར་ཁང་དང་ཁུལ་བརྙན་འཕྲིན་ཁང་། དར་མདོ་སློབ་འབྲིང་། གྲོང་ཁྱེར་ཡུལ་སྐོར་རིག་གནས་ཅུས།ཁམས་པའི་དཔེ་ཚོང་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དང་། རྒྱ་བོད་ཡིག་གཉིས་ཀྱི་རྩོམ་པ་པོ་སོགས་ཁྱོན་མི་གྲངས30ལ་ཉེ་བ་ཞིག་གྲོས་ཚོགས་སུ་བཅར།

      བྱ་ཁུ་ལོའི་གསུང་དབྱངས་སྙན་མོའི་འགྱུར་ཁུག་གི་ཀློང་ནས་སྦྲང་ཆར་སིལ་མ་ཤག་ཤག་ཏུ་འབབ་པའི་དུས་སྐབས་དང་བསྟུན་ཏེ།མདོ་འཛིན་པའི་སྒྲ་དག་པའི་སྨྲ་བརྗོད་དང་འགྲོས་གཙང་བའི་སྐད་ཆས་གཏམ་གྱི་སྒོ་འཕར་ཐོག་མར་ཕྱེ་ཞིང་།རྩོམ་པ་པོས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ལ་མཚན་རྟགས་བཀོད་ནས་ཚོགས་མི་རེ་རེ་བཞིན་ལ་དཔེ་སྦྱིན་གནང་བའི་གོ་རིམ་ནས་བགྲོ་གླེང་གྲོས་ཚོགས་ཀྱི་དབུ་ལེགས་པར་བརྩམས་ཤིང་།དེར་འདུས་པའི་མཁས་དབང་དང་རྩོམ་པ་པོ། སློབ་གསོ་བ་སོགས་ཚོགས་མི་སོ་སོས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》བཀླགས་པའི་མྱོང་ཚོར་དང་། གདེང་འཇོག་དང་དཔྱད་བརྗོད་བཅས་ཁ་ཁོག་པས་མ་གསང་བློ་རྒྱུ་མས་མ་སྐུང་པར་གསོང་པོར་བརྗོད།

      བོད་ཀྱི་སློབ་གསོ་བ་གྲགས་ཅན་དགེ་རྒན་ཆེན་མོ་ལྕང་ཞབས་འགྱུར་མེད་ཚེ་དབང་མཆོག་གིས་གསུང་དོན། རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ནི་གཅིག་ན་རྩོམ་པ་པོ་ལ་ཐ་སྙད་ཕུན་སུམ་ཚོགས་པའི་ཤེས་རིག་ཡོད་པས་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པ།གཉིས་ནི་རང་ཡུལ་རང་གིས་བསྐོར་ནས་འབྲི་བྱ་འདི་དག་གལ་ཆེ་བས། ད་ལྟ་ལ་འབྲི་མ་ཐུབ་ན། ལོ་རྒྱུས་དང་གཏམ་རྒྱུད་འདི་དག་ཉམས་སོང་ཤོར་ན་ཕངས་སེམས་སྐྱེ་དགོས་པས་རྩོམ་པ་པོ་ལ་འདི་དག་མ་སྐུལ་དང་བླང་གིས་ཡིག་ཐོག་ཏུ་འབེབ་པའི་འདུ་ཤེས་དང་ལྡན་པ།གསུམ་ནི་རྩོམ་པ་པོ་ལ་སྙིང་སྟོབས་ཁྱད་པར་ཅན་ཡོད་པས་ལ་ལུང་ཐམས་ཅད་བརྒལ། རི་གྲོང་ཐམས་ཅད་ཉུལ་ནས་དཀའ་བ་ཁྱད་དུ་བསད།ངལ་བ་དང་ལེན་གྱི་རྒྱུ་ཚེགས་གཉིས་ལ་མ་འཛེམ་པ། བཞི་ནི་རྗེས་རབས་པ་ལ་བཞག་པ་བཟང་ལ། བཞག་པ་འདིས་ཕྱི་རབས་པས་ལོ་རྒྱུས་འདི་དག་བལྟ་སའི་མེ་ལོང་ལྟ་བུ་ལ་འགྱུར་ཐུབ་པ།ལྔ་ནི་བརྩམས་ཆོས་འདི་ལ་མིག་དཔེའི་གལ་ཆེན་རང་བཞིན་ལྡན་ལ། རྩོམ་པ་པོ་མང་པོ་ཞིག་ལ་མིག་དཔེ་བསྟན་ཅིང་སྐུལ་སློང་ཐེབས་ནས་རྩོམ་རིག་ལ་འཇུག་པར་སྐུལ་མ་གནང་ཐུབ་པའི་དགོས་པ་དང་རྒྱུ་མཚན་འདུག་ཅེས་པ་སོགས་ཀྱི་གདེང་འཇོག་མཐོན་པོ་གནང་།དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་ལགས་ཀྱིས་རྟེན་འབྲེལ་ཁ་ཡིས་བརྗོད་ན་བསོད་ནམས་ལུས་ལ་འཁོར་ཞེས་པ་ལྟར་གྲོས་ཚོགས་སུ་རྟེན་འབྲེལ་གྱིས་ཤིས་པ་བརྗོད་ཅིང་།ཁོང་གིས་བྲིས་གནང་མཛད་པའི་རི་བོ་རྩེ་ལྔ་ཞེས་པའི་ཕྱག་བྲིས་ལག་བསྟར་མ་རྩོམ་པ་པོ་ལ་གནང་ཞིང་བསོད་ནམས་ཀྱི་ཚོགས་འཕེལ།ཤེས་རབ་ཀྱི་བློ་རྒྱས་པའི་བཀྲ་ཤིས་སྨོན་ལམ་བཟང་པོས་མཐའ་བརྒྱན།

      བསྐལ་བཟང་དུས་བཟང་གི་ཉིན་མོ་འདིར། རང་སྐད་ཀྱི་འགྲོས་གཙང་ཞིང་རང་ཡིག་གི་བརྡ་དག་པའི་མར་དྲི་དང་རྩམ་དྲི་མ་ཡལ་བའི་བརྩམས་ཆོས་འདི།ཡུལ་དར་མདོ་ལུང་པ་གཙོ་བོར་གྱུར་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཕ་སྐད་མ་ཡིག་ལ་དུང་ཞེན་ཅན་གྱི་ཀློག་པ་པོ་མང་པོ་ཞིག་ལ་དུས་ཐོག་ཆར་པ་ལྟ་བུའི་དངོས་གྲུབ་ཐོབ་སོང་ལ།ཤར་དར་རྩེ་མདོ་ཞེས་ལོ་རྒྱུས་ཀྱི་རྫོང་ཤིན་ཏུ་མཐུག་ཅིང་། སྔ་རབས་སུ་བོད་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་རླབས་ཆེན་ཕྱིན་ཏེ་བོད་ཀྱི་ལོ་རྒྱུས་སྟེང་ལ་གོ་གནས་ངེས་ཅན་ཟིན་མྱོང་བའི་རྒྱ་བོད་གཉིས་ཀྱི་ས་མཚམས་གལ་ཆེན་ཞིག་ཡིན་ནའང་།དུས་རབས་འདིར་ཐོན་དུས་དར་མདོ་ལུང་པ་འདི་རུ་བོད་སྐད་ཡིག་ཉམས་ང་བ། ཉག་ཕྲ་བའི་གནས་སུ་གྱུར་ཡོད་པའི་སྐབས་འདི་འདྲ་ཞིག་ལ།ཕ་སྐད་མ་ཡིག་གི་བརྩམས་ཆོས་ཕུན་སུམ་ཚོགས་པ་འདི་འདྲ་མཛད། དེ་ལ་རང་སྐད་རང་ཡིག་གི་བགྲོ་གླེང་ཟབ་རྒྱས་འདི་འདྲ་སྤེལ་བ་འདི་ཆེས་ཤིན་ཏུ་ནས་ཀྱང་དགའ་འོས་པའི་དོན་དག་ཅིག་ཏུ་གྱུར་ཡོད་ཚུལ་དང་།འདི་ལྟ་བུ་ལ་རྣམ་པ་ཚང་མས་ཁ་མིག་ཡར་བལྟ་དང་སྐུད་པ་ཡར་འཁེལ། ཕྱར་བ་གྲུ་འདེགས་གནང་དགོས་སའི་ཆེས་རླབས་ཆེ་བའི་འཕྲིན་ལས་ཤིག་རེད་ཅེས་ཀུན་གྱིས་ངོས་འཛིན་ཐུབ།

      ཐེངས་འདིའི་བགྲོ་གླེང་གྲོས་ཚོགས་ནི་དར་མདོ་ས་ཁུལ་དུ་ཕ་སྐད་མ་ཡིག་སྒེར་དེབ་པར་བསྐྲུན་བྱས་ནས་དེ་ལ་བགྲོ་གླེང་སྤེལ་བ་ཐོག་མའི་གྲས་ཤིག་ཡིན་པས།འདིས་ཡུལ་འདི་གར་ཕ་སྐད་མ་ཡིག་གི་མཁའ་དབུགས་གསར་པ་ཞིག་གི་སྒོ་མོ་ཡོངས་སུ་ཕྱེ་སོང་ཞེས་ཀུན་གྱིས་དགའ་བསུ་དང་བསྟོད་བསྔགས་ཐོབ།ཚོགས་མི་ཚང་མ་ནི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དང་ཆེས་ཐག་ཉེ་བའི་ཀློག་པ་པོ་རྐྱང་རྐྱང་རེད་ལ།དེ་ལས་ཀྱང་རྩོམ་པ་པོ་ཁོང་གིས་སྔ་ཕྱི་པར་དུ་བསྐྲུན་པའི་བརྩམས་ཆོས་དག་གི་ཀློག་པ་པོ་ཡིན་ལ།རྩོམ་པ་པོ་ཁོང་ནི་ཡུལ་འདི་གའི་ལས་གནས་གཅིག་པ། བསམ་བློ་གཅིག་པ།ལས་དབང་གཅིག་པའི་གྲོགས་པོ་སྐོར་ཞིག་ལ་ཡོད་ན་དེས་ཆོག་པ། མེད་ན་ཐབས་ཆགས་པའི་མི་བུ་རླབས་ཆེན་དེར་གྱུར་ཡོད་པ་རེད།

      མཁས་དབང་དགེ་འདུན་ཆོས་འཕེལ་གྱི《ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》ནི་དམ་པ་གང་ཉིད་དབུས་གཙང་དག་པའི་ཞིང་ནས་ཞབས་ཀྱིས་བཅགས་ཏེ་རྒྱ་གར་གཙོས་ཕྱོགས་མེད་ཀྱི་ཡུལ་གྲུ་མང་པོར་རིག་པས་བསྐོར་ཏེ་འཛམ་གླིང་སྒང་གི་ལོ་རྒྱུས་གསལ་བའི་མེ་ལོང་ཞིག་ཏུ་གྱུར་ཡོད་ལ།ད་ལྟའི་རྩོམ་ལུས་ཀྱི་དབང་དུ་བྱས་ནས་འདི་ནི་ཡུལ་སྐོར་རྩོམ་རིག་གི་ཁོངས་སུ་འདུ། མཁས་པ་མང་པོ་ཞིག་གིས་འདི་ནི་རིག་གནས་ལོ་རྒྱུས་ཁོངས་སུ་བཞག།མུ་འབྲེལ་ལྷུག་རྩོམ་རིང་མོ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་ཕྲེང་དང་པོ་འདི་ལ་ཁྱོན་བརྩམས་ཆོས་བཅུ་བདུན་གྱིས་གྲུབ་པའི་པོ་ཏི་ཞིག་ཡིན་ལ།འདི་ནི་རྩོམ་པ་པོས་ཤར་མི་ཉག་ཡུལ་གྲུ་གཙོ་བོར་བྱས་ནས་ཁམས་ཀྱི་ཡུལ་གྲུ་རིང་མོར་རྐང་ལམ་རྡོག་པས་མནན་ནས་ཡུལ་སྐོར་དུ་སོང་ནས་མཐོང་ཐོས་མྱོང་གསུམ་དང་།ལོ་རྒྱུས་ཀྱི་རྗེས་ཤུལ་རེ་རེར་བདེན་དོན་གྱི་ལུང་གིས་རྒྱབ་རྟེན་བྱས་ནས་ཟིན་ཐོར་བཀོད་པའི་བརྩམས་ཆོས་པོ་ཏི་ཞིག་རེད།རྩོམ་པ་པོ་རང་ཉིད་ཀྱིས་རིག་གནས་ལྷུག་རྩོམ་ཞེས་མིང་བཏགས་ཤིང་གསར་དར་རྩོམ་རིག་གི་རྩོམ་ལུས་ཤིག་གི་ཁོངས་སུ་བཞག།རིག་གནས་ལོ་རྒྱུས་སམ་རིག་གནས་ལྷུག་རྩོམ། ཡུལ་སྐོར་རྩོམ་རིག་སོགས་རྩོམ་ལུས་གང་དུ་བགྲང་ཡང་ཆོག་ལ།གཙོ་བོ་བརྩམས་ཆོས་འདི་ལྟ་བུ་མཛད་པར་གནའ་རྫས་རྟོག་དཔྱོད་རིག་པ་དང་ལོ་རྒྱུས་རིག་པ།གསར་འགྱུར་རིག་པ། ས་ཁམས་རིག་པ། སྐད་བརྡའི་གོ་རིམ་སོགས་ཤེས་རབ་ཀྱི་འཇིག་རྟེན་རྒྱ་ཆེན་པོ་ཞིག་གི་ལྡན་དགོས་པ་ཡིན་ལ།དེ་བས་རྩོམ་པ་པོ་གངས་དབང་ལགས་ནི་འདི་ལྟ་བུའི་ཤེས་རབ་ཀྱི་ཆ་རྐྱེན་ཡོངས་སུ་ཚང་འདུག་ཅེས་ཀུན་གྱིས་བཞད།རྩོམ་པ་པོས་བཤད་རྒྱུར། ཡུལ་གང་དུ་སོང་ཡང་།ལྟ་ཤེས་ན་རིག་གནས་རེད། ལྟ་མ་ཤེས་ན་རི་ཆུ་རེད་ཟེར། ང་ཚོ་ཀློག་པ་པོ་དག་གིས་ཀྱང་ཁོང་གི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》འདི་བཀླག་ཤེས་ན་ཤེས་རབ་རེད།ལོ་རྒྱུས་རེད། རིག་གནས་རེད། བཀླགས་མ་ཤེས་ན་སྒྲུང་རེད།

དམངས་ཁྲོད་ཀྱི་རིག་གནས་ལོ་རྒྱུས་གང་མང་སྣུམ་ཟད་ཀྱི་མར་མེ་ལྟར་ཉམས་ཉེས་ལ་འགྲོ་བཞིན་པའི་གནད་འགག་གི་སྐབས་སུ།《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གིས་དེ་དག་ལ་ཚེ་སྲོག་གསར་དུ་གནང་ཞིང་གསོན་ཤུགས་ཀྱི་དཔའ་སྤོབས་ཀུན་ནས་བསྩལ་ཡོད་པ་འདི་ནི་ཡུལ་ཁམས་ཤིག་གི་རིག་གནས་ཙམ་མ་ཡིན་པར་བོད་སྤྱིའི་རིག་གནས་ལོ་རྒྱུས་འཐུས་ཚང་དང་རྒྱུན་བསྲིངས་ཀྱི་ཕྱོགས་ལ་དབུགས་གསར་པ་ཞིག་བསྩལ་བྱུང་བས་སྨྱུག་ཐོགས་པ་ཞིག་ལ་མཚོན་ན་འདི་ལས་བྱས་རྗེས་ཆེ་བ་ཞིག་གང་དུ་ཡང་མ་མཆིས་སོ།།

     ད་ཐེངས་ཀྱི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གི་བགྲོ་གླེང་གྲོས་ཚོགས་འདིས་དར་མདོ་ས་ཁུལ་གྱི་ཕ་སྐད་མ་ཡིག་དར་འཕེལ་ཡོང་བའི་མཁའ་དབུགས་གསར་པ་ཞིག་གི་སྒོ་འཕར་ཡངས་པོར་ཕྱེ་སོང་བ་ཀུན་ལ་ངོས་འཛིན་དང་ཡིད་ཆེས་ཐོབ་པ་དང་།རང་སྐད་རང་ཡིག་གིས་བྲིས་པའི《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་པའི་མུ་འབྲེལ་ལྷུག་རྩོམ་རིང་མོའི་དེབ་ཕྲེང་ཐོག་མ་འདིའི་རིན་ཐང་ནི་ཇི་སྐད་དུ།རྒྱལ་དབང་ལྔ་པ་ཆེན་མོའི་ཞལ་ནས། མཁའ་མེའི་སྲད་བུར་བརྒྱུས་པའི་ཀ་འཕྲེང་ལ།། རྒྱ་མཚོ་དབྱངས་ཀྱིས་བརྒྱན་པའི་ཡི་གེའི་བརྡའི།།རིན་ཆེན་ཕྱང་འཕྲུལ་རིན་དུ་གསེར་ལྡན་ལྟོ།། ནོར་བུའི་ཟོང་གིས་བཀང་ཡང་ཁུགས་སམ་ཅི།། ཞེས་པ་ནང་བཞིན་དུ་དབྱངས་གསལ་གཉིས་ཀྱིས་བརྒྱན་པའི་རིན་ཐང་གཞལ་དུ་མེད་པའི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད་པ་ཀུན་གྱི་ངོས་འཛིན་གཅིག་ཏུ་གྱུར།།

ངེད་གསར་འགོད་པ་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།



  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག
  • ལེ་ཚན་རྗེས་མ།:དབྱང་ཁྲོན་ཐང་གིས་རྒྱལ་ཡོངས་སྲིད་གྲོས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་ཁྲིད་ནས་སི་ཁྲོན་དུ་བརྟག་ཞིབ་གནང་བར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།