སྐལ་བཟང་སྒྲོལ་མར་ཞིང་ཆེན་ཡོངས་ཀྱི་ཕ་ཡུལ་དུ་ལོག་པའི་ཞིང་པ་གླ་པའི་ལས་གཏོད་སྣེ་ཁྲིད་བྱེད་མཁན་གྱི་མཚན་སྙན་ཐོབ།

ཡེ་ཤེས་ཀྱིས་བསྒྱུར།        2020-06-04

    གསར་འགོད་པས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་དོན། སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་དང་སི་ཁྲོན་ཞིང་ཆེན་དྲྭ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་མི་དམངས་དྲྭ་བ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱིས་སྒྲུབ་འགན་འཁུར་བའི2019ལོའི་སི་ཁྲོན་གྱི་ཞིང་པའི་གླ་མི་ཡག་ཤོས་དང་ཕ་ཡུལ་དུ་ལོག་པའི་ཞིང་པའི་གླ་པའི་ལས་གཏོད་སྣེ་ཁྲིད་བྱེད་མཁན་དཔྱད་འདེམས་ཀྱི་མཇུག་འབྲས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པ་རེད། དེའི་ནང་དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་འདབ་པ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འོས་སྦྱོར་བྱས་པའི་སྐལ་བཟང་སྒྲོལ་མར2019ལོའི་སི་ཁྲོན་ཞིང་ཆེན་གྱི་ཕ་ཡུལ་དུ་ལོག་པའི་ཞིང་པ་གླ་པའི་ལས་གཏོད་སྣེ་ཁྲིད་བྱེད་མཁན་གྱི་མཚན་སྙན་ཐོབ་པ་རེད།

    ད་ལོར་ལོ་ན23ལ་སོན་པའི་བོད་རིགས་བུ་མོ་སྐལ་བཟང་སྒྲོལ་མ་ནི་འདབ་པའི་བོད་ཚང་སྒྲོལ་མའི་ཞིང་ལས་ཐོན་རྫས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནས་ཡིན་པ་རེད། 2017ལོར། ཁོ་མོས་དྲྭ་ཐོག་ནས་འདབ་པ་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་བ་དང་བེ་ཤ་འཐུ་བ་སོགས་ཀྱི་རྒྱུན་གཏན་བྱེད་སྒོའི་བརྙན་ཐུང་ཞིག་ཡོངས་བསྒྲགས་བྱས་པར་དྲྭ་གྲོགས་མང་པོས་དོ་ཁུར་བྱས་པ་རེད། དེའི་རྗེས་སུ་ཁོ་མོས་དྲྭ་རྒྱའི་འབྲེལ་གཏུག་སྟེགས་བུ་འཚོལ་ཞིབ་བྱེད་མགོ་ཚུགས་ཤིང་འདབ་པའི་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་ཁྱབ་གདལ་དང་བྲིན་ཚོང་བྱས་པའི་དུས་མཚུངས་སུ། འདབ་པ་ཉི་སྟེན་གྱི་རང་བྱུང་མཛེས་ལྗོངས་དང་མང་ཚོགས་ཀྱི་འཚོ་བ་ཟིན་ཐོ་བཀོད་ནས་ཁྱབ་བསྒྲགས་བྱས་པ་རེད། ལོ་དེར་མོ་ཡིས་དབྱར་རྩྭ་དགུན་འབུ་ཁྲི1.5དང་། བེ་ཤ་རྒྱ་མ1200ལྷག་ཙམ། གཡག་ཤ་རྒྱ་མ500ལྷག་ཙམ་བཙོངས་ཡོད། དེའི་རྗེས་སུ་མོ་ཡིས་སླར་ཡང་ཞིང་ཁྱིམ་མགྲོན་ཁང་དང་མཉམ་ལས་ཁང་བཙུགས་པ་རེད། དྲྭ་ཕྱི་ལས་གཏོད་དང་དྲྭ་ཐོག་ཚོང་གཉེར་བྱས་ནས་མོ་གླ་པ་དཀྱུས་མ་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པར་འཚར་ལོངས་བྱུང་བར་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ཞིང་ལས་ཀྱི་ཁྱད་ཆོས་ཐོན་རྫས་འཚོང་རོགས་བྱས་མཐར། ཕ་ཡུལ་གྱི་སྣང་བརྙན་མངོན་པར་སྐུལ་འདེད་གཏོང་བས་མ་ཚད་ཉེ་འགྲམ་མི་སེར་ཚན་པ་གཅིག་གི་བསམ་བློ་འགྱུར་ལྡོག་དང་ལས་གཏོད་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱས་པ་རེད། མིག་སྔར་སྤྱི་ཚོགས་ཀྱི་འབྲེལ་གཏུག་ལས་སྟེགས་ཆེ་གྲས་ཁག་ཏུ་མོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དྲྭ་གྲགས་ཁྲི400ལྷག་ཙམ་ཡོད་པ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་གླེང་བྱེད་པར་དང་ལེན་བྱེད་སྐབས་རྒྱབ་སྐྱོར་མཁན་ཚོས་མོ་ལ་བེ་ཤ་བྲིན་སྐྱེན་པ་ཞེས་བསྔགས་བརྗོད་བྱས་པ་རེད།།

  • ལེ་ཚན་སྔོན་མ།:གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག
  • ལེ་ཚན་རྗེས་མ།:བསྒྲུབས་པའི་བྱ་བ་བྱས་རྗེས་སུ་གྲུབ་པར་བྱེད།
  • དོ་སྣང་ཆེ་བའི་རྩོམ།