བདེ་སྐྱིད་ཀྱི་འཚོ་བ་ནི་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་།

ཀུན་དགས་བསྒྱུར།        2020-06-03

གསེར་ཐར་རྫོང་གིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་ཟིན་ཐོ་རགས་བཀོད།

བདེ་སྐྱིད་ཀྱི་འཚོ་བ་ནི་དཀའ་སྤྱད་འབད་འཐབ་བྱས་ནས་བྱུང་།
གྲོང་མིས་སྔོ་ཚལ་རྟེན་གཞིར་ལས་ཀ་བྱེད་བཞིན་པའི་ཚུལ།

   2020ལོ་ནི་གསེར་ཐར་རྫོང་དབུལ་ཕོངས་རྫོང་ལས་བྲལ་ཐུབ་པའི་ལོ་ཐོག་མ་དེ་ཡིན་ལ། ཤུལ་དུ་ལྷག་པའི་དབུལ་ཐར་ལས་འགན་ཕྱོགས་ཡོངས་ནས་འགྲུབ་རན་པའི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པ་རེད།

དབུལ་ཐར་འགག་སྒྲོལ་ལག་བསྟར་བྱས་ཚུན། གསེར་ཐར་རྫོང་གིས་ཀྲུང་གོ་གསར་པའི་དབུལ་སྐྱོར་ལོ་རྒྱུས་ཐོག་གི་ཤུགས་ཚད་ཆེས་ཆེ་ཤོས་དང་གཞི་ཁྱོན་ཆེས་ཆེ་ཤོས། ཤུགས་རྐྱེན་ཆེས་ཟབ་ཤོས། སྔར་འཕྲད་མ་མྱོང་བའི་གོ་སྐབས་བཅས་ཡིན་པར་བརྟེན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དབུལ་ཕོངས་ལས་ཐར་བའི་འབད་འཐབ་དང་ལེགས་སྐྱེས་འབུལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་རེད།

ད་ལྟའི་བར་དུ་གསེར་ཐར་རྫོང་གི2013ལོའི་ལོ་མཇུག་གི་དབུལ་ཕོངས་མི་གྲངས15868ནས2019ལོའི་ལོ་མཇུག་བར། དབུལ་ཕོངས་མི་གྲངས319མ་གཏོགས་ཚང་མ་དབུལ་ཐར་འགག་སྒྲོལ་གྱི་གོ་རིམ་ནས་ཕྱིར་འཐེན་བྱས་ཚར་བ་རེད།

   རྙིང་རལ་ཁང་པ་ལས་བྲལ་ཏེ་བདེ་སྐྱིད་དང་རེ་བས་ཁེངས་པའི་ཁང་གསར་དུ་སྤོས།

   སྤྱི་ཟླ5པའི་ཚེས16ཉིན་གསེར་ཐར་རྫོང་སྟག་རྩེ་ཡུལ་ཤོག་གནས་སྤོས་དབུལ་སྐྱོར་གཅིག་བསྡུད་བཀོད་སྒྲིག་བྱ་ཡུལ་དུ་བོད་ལུགས་སྡོད་ཁང་མང་པོ་ཞིག་གསར་འགོད་པའི་མིག་ལམ་དུ་མངོན། གཙང་ཞིང་ངོས་སྙོམས་པའི་ཨར་འདམ་གཞུང་ལམ་གྱིས་གྲོང་སྡེ་ཧྲིལ་པོ་སྦྲེལ་ནས་འདུག གྲོང་སྡེའི་ནང་གི་ཉི་ནུས་ལམ་སྒྲོན་དང་རིག་གནས་ཐང་ཆེན། བྱེད་སྒོ་སྤེལ་ཁང་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མ་ལུས་ཀུན་འཛོམས་རེད།

སྨི་གྲུ་བཞི་མ80ཡོད་པའི་ཁང་པའི་ནང་བོད་ལུགས་ཀྱི་ཇ་ལྕོག་དང་བརྙན་འཕྲིན་འཇོག་སྟེགས་སོགས་ཀྱི་ཁྱིམ་ཆས་སྒྲིག་སྦྱོར་གང་ལེགས་བྱས་པས་མ་ཚད་སྦུག་ཆུ་སྒོ་རའི་ནང་དུ་ཁྲིད་ཡོད། ལོགས་སུ་བསྐྲུན་པའི་ཁྲུས་ཁང་དུ་ཆུ་ཚ་པོས་གང་འདུག་པས་དུས་དང་རྣམ་པ་ཀུན་ཏུ་ལུས་པོ་བཀྲུ་ཆོག་པ་རེད།

   གནས་སྤོས་ཡུལ་མི་མགོན་པོས་རང་གིས་དངུལ་སྐར་གང་ཡང་གཏོང་མ་དགོས་པར་འདི་འདྲའི་ཁང་པ་གསར་པའི་ནང་སྡོད་རྒྱུ་ལོན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དེ་མེད་ན་ང་ཚོས་ནམ་ཡང་འདི་འདྲའི་ཁང་གསར་དུ་སྡོད་རྒྱུ་ག་ལ་རག་ཅེས་བཤད་པ་རེད།

   ཉེ་བའི་ལོ་ཤས་རིང་། གསེར་ཐར་རྫོང་གིས་མང་ཚོགས་དབུལ་པོའི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་བྱ་ཐབས་ཨང་དང་པོར་བརྩིས་ནས་ཁྱིམ་ཚང་འདུ་འགོད་དང་དམངས་ཕན་འདུ་འགོད་སོགས་ལག་བསྟར་གཏིང་ཟབ་བྱས་པ་རེད། རྫོང་དེས་མ་དངུལ་སྒོར་དུང་ཕྱུར4.04སྡེབ་སྒྲིག་བྱས་ཏེ་བསྐྲུན་པའི་འབྲོག་པའི་གཞིས་ཆགས་ས་ཚུགས་སུ་གཅིག་བསྡུད་དང་ཡུལ་གྲོང་གི་མཐའ་སྐོར་དུ་གཅིག་བསྡུད། རྫོང་མཁར་གྱི་མཐའ་སྐོར་དུ་གཅིག་བསྡུད་བྱ་རྒྱུའི་རྩ་དོན་ལྟར། མང་ཚོགས་དབུལ་པོ་སྨན་བསྟེན་པ་དང་སློབ་གྲྭར་ཞུགས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་གསེར་ཁོག་གྲོང་རྡལ་དང་སྟག་རྩེ་ཡུལ་ཤོག ཉི་སྟོད་གྲོང་རྡལ། གཉན་ལུང་ཡུལ་ཤོག་བཅས་སུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་བསྐྲུན་རྒྱུའི་གཏན་འབེབས་བྱས་པ་རེད། མིག་སྔར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང1493དང་བོད་ཁུལ་ཁྱིམ་གཞིས་གསར་པ2117ས་གཤིས་གནོད་འཚེ་ལས་གཡོལ་ཟུར་བྱས་པའི་དུད་ཚང299བཅས་གནས་སྤོ་བྱས་ཡོད་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཇེ་མགྱོགས་སུ་སྤེལ།

    ཉེ་བའི་ལོ་ཤས་རིང་གསེར་ཐར་རྫོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཡིག་ཚགས་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོའི་ལས་ཞུགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་དམ་འཛིན་བྱས་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་མང་ཚོགས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

   ལྷ་རིག་གིས་ལས་ཞུགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་ནང་ཞུགས་རྗེས་ལས་དོན་མི་སྣར་ལས་ཞུགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་གི་སྲིད་ཇུས་ཡག་པོ་འདུག ངེད་ནང་མི་ཚང་མ་དབུལ་ཕོངས་ལས་ཐར་སོང་། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུས་ཞེས་བཤད་པ་རེད། ལྷ་རིག་ནི་སྟག་རྩེ་ཡུལ་ཤོག་ཧ་མོ་གྲོང་སྡེའི་ཡིག་ཚགས་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོ་ཡིན་ཞིང་། ཁོ་དང་གཅེན་པོ་གཉིས་ལ་ཐུམ་འབུའི་ནད་ཕོག་པ་དང་ཁྱིམ་ཚང་གི་མི་འབོར་མང་བ། ངལ་རྩོལ་མི་ལག་ཉུང་བ་བཅས་ཡིན་པས་ལས་ཞུགས་ཀྱི་ལག་རྩལ་ནུས་མེད་ཡིན་པ་རེད། གསེར་ཐར་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ངལ་རྩོལ་མི་ལག་དབུལ་པོར་ལག་རྩལ་འཇོན་ནུས་གསོ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པའི་ཆེད་དོན་བྱ་སྤྱོད་སྤེལ་བར་བརྒྱུད་ལྷ་རིག་ཨ་མ་དང་མཉམ་དུ་བོད་ཀྱི་རྒྱན་གོས་འཚེམ་བཟོའི་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱེད་སའི་ནང་ཞུགས་ཏེ་ལག་རྩལ་ཡག་པོ་ཤེས་ཡོད། གསོ་སྐྱོང་སྦྱོང་བརྡར་མཇུག་བསྒྲིལ་རྗེས། ལྷ་རིག་ལ་གསོ་སྦྱོང་ཁ་གསབ་སྤྲད་པར་བརྟེན་ནས་འཚེམ་འཁོར་ཞིག་ཉོས་ཏེ་ཨ་མ་དང་མཉམ་དུ་ཁྱིམ་དུ་འཚེམ་བཟོ་ཁང་ཞིག་བཙུགས་ནས་ཟླ་རེའི་ཡོང་འབབ་སྒོར3500ཙམ་རག་ཐུབ་ཀྱི་ཐུབ་ཡོད།

   ཉེ་བའི་ལོ་ཤས་རིང་གསེར་ཐར་རྫོང་གི་ལས་ཞུགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་ཅིང་། མང་ཚོགས་དབུལ་ཕོངས་ལ་ལས་ཞུགས་ཀྱི་ལག་རྩལ་འཇོན་ནུས་ཁོང་དུ་ཆུད་པར་བྱེད་ཆེད། གསེར་ཐར་རྫོང་གིས་རིགས་ཁག་གི་གསོ་སྦྱོང་མ་དངུལ་སྒོར་ཁྲི1258བཏང་ནས་ཀྲུང་ལུགས་གཡོས་སྦྱོར་དང་འཕྲུལ་རྟ་ཉམས་གསོ། མི་རིགས་ཀྱི་གྱོན་ཆས་བཟོ་བ། ཤིང་བཟོའི་རྒྱན་སྤྲས། དྲོད་སྤྱིལ་ཁང་ཆེན་མོའི་ནང་སྔོ་ཚལ་འདེབས་འཛུགས། གཞིས་མིའི་ཁྱིམ་གཞིས་སྣེ་ལེན་ཞབས་ཕྱི་སོགས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་ཐེངས175སྤེལ་བ་དང་། མི6938གསོ་སྦྱོང་ནང་ཞུགས་ཡོད། དེའི་ནང་ནས་ཡིག་ཚགས་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོ5378ལ་ཟིན་པ་རེད།

མི་སེར་ཚོར་འབྱོར་འབྲིང་ལམ་བུ་བཏོད།

   གསེར་ཐར་རྫོང་ལ་ཚོན་མདོག་སྣ་ལྔའི་རྒྱ་མཚོ་དང་གེ་སར་བོད་གྲོང། གསེར་ཐར་རྩྭ་ཐང་།དུང་དཀར་དགོན་པ། གེ་སར་བཤམས་མཛོད་ཁང་སོགས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པའི་རྐྱེན་གྱིས་མཛེས་ལྗོངས་ཁུལ་དེ་དག་རི་ཁུག་ལུང་ཀྱོག་ཏུ་སྦས་ནས་ཡོད་པ་རེད།

   འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ཆེན་དང་ཁུལ་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་གསེར་ཐར་རྫོང་གིས་འགྲིམ་འགྲུལ་ཐོག་ཡུལ་སྐོར་སྣོན་པའི་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2019ལོར་མ་དངུལ་སྒོར་ཁྲི5488.14བཏང་ནས་སྤྱི་ལེ30ཡོད་པའི་ཧོར་ཤུལ་ཡུལ་ཤོག་མདོག་ལྔ་མཚེའུའི་ཡུལ་སྐོར་ལམ་འཛུགས་སྐྲུན་ལས་གཞི་དེ་ད་ལོའི་སྤྱི་ཟླ8པའི་སྔོན་དུ་ལས་མཇུག་འགྲིལ་རྒྱུ་ཡིན་པ་རེད། ལས་གཞི་དེས་ཧོར་ཤུལ་ཡུལ་ཤོག་གི་སྲིད་འཛིན་གྲོང་སྡེ2དང་རྣུབ་གཟུར་ཡུལ་ཤོག་གི་སྲིད་འཛིན་གྲོང་སྡེ2 ཤེས་གྲུབ་ཡུལ་ཤོག་གི་སྲིད་འཛིན་གྲོང་སྡེ1བཅས་སྲིད་འཛིན་གྲོང་སྡེ5ཡི་མང་ཚོགས2315ལ་ཕན་པ་ཐོབ་ཐུབ་པ་རེད།

   2016ལོ་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གསེར་ཐར་རྫོང་དེ་ས་གནས་གཏན་འཁེལ་གྱི་དབུལ་སྐྱོར་རྫོང་གི་གྲས་སུ་བཞག་པ་རེད། རྒྱབ་སྐྱོར་ཤུགས་ཆེན་གནང་བས་རྫོང་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་སྡེ134ལ་ལམ་ཤར་གཏོང་ཐུབ་ཡོད། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་བསྡོམས་འབོར་སྤྱི་ལེ2260ལ་ཟིན་པ་དེ་ཞིང་ཆེན་གཉིས་དང་ཁུལ་གསུམ་ཉེ་འགྲམ་ས་ཁུལ་གྱི་འགྲིམ་འགྲུལ་འགག་རྩར་འགྱུར་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་།གསེར་ཐར་རྫོང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར53.66བཏང་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར40.18བཏང་ནས་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་ལམ་སྤྱི་ལེ441.9དང་ཡུལ་ཤོག་ཚང་མར་ཤར་གཏོང་ཐུབ་པའི་འགྱིག་སྣུམ་གཞུང་ལམ་སྤྱི་ལེ128.9 གྲོང་སྡེ་ལ་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་སྤྱི་ལེ1761.8བཅས་བསྐྲུན་ཟིན་པ་དང་གྲོང་སྡེའི་གཞུང་ལམ་ཡུལ་ཤོག་ཏུ་ཤར་གཏོང་ཐུབ་ཚད་དང་གྲོང་སྡེ་ལ་ཤར་གཏོང་ཐུབ་ཚད། དོ་དམ་གསོ་ཚགས་བྱེད་ཚད་བཅས་བརྒྱ་ཆ100གསུམ་མངོན་འགྱུར་བྱུང་ཡོད་པ་རེད།

དམངས་ཕན་གྱི་སྲུང་གདུགས་ཕུབ་རོགས་བྱས།

   གསེར་ཐར་རྫོང་གིས་རྫོང་ཁོངས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་བདེ་ཐང་དབུལ་སྐྱོར་ཐད་བྱ་ཐབས་འདོན་པ་དང་གནད་སྨིན་རོགས་སྐྱོར་བཅས་བྱས་ཏེ་མང་ཚོགས་དབུལ་པོར་སྨན་བཅོས་འཕྲོད་བསྟེན་གྱི་སྲུང་གདུགས་ཕུབ་པ་རེད།

   སྟག་རྩེ་ཡུལ་ཤོག་ཡོལ་རྒན་མ་གྲོང་ཚོའི་འབྲོག་པ་དཔལ་སྒྲོལ་ནི་ཐུམ་འབུའི་ནད་ཕོག་མཁན་ཞིག་རེད། ལོ་གཉིས་གོང་ཁོའི་ཨ་མ་ཚེ་དཔལ་དང་བུ་མོ་ཀུན་སྐྱིད་གཉིས་ཀར་ཐུམ་འབུའི་ནད་ཕོག་ཡོད།འདི་འདྲའི་གནས་ཚུལ་འོག2014ལོར་དཔལ་སྒྲོལ་ཚང་ཁྱིམ་ཚང་དབུལ་པོའི་གྲས་སུ་བཞག་པ་རེད། སྨན་བཅོས་རོགས་སྐྱོར་བྱས་འོག་དཔལ་སྒྲོལ་དང་བུ་མོ་ཀུན་སྐྱིད་གཉིས་དམིགས་འཛུགས་སྨན་བཅོས་ཁང་དུ་རིན་པ་མི་དགོས་པར་གཤགས་བཅོས་བྱས་པ་རེད། ད་ཆ་དྲག་སྐྱེད་བྱུང་ཡོད་ལ་གཤགས་བཅོས་ཀྱི་སྨན་རིན་སྒོར་ཁྲི5ཙམ་རྩ་ཆག་བཏང་བ་རེད། ཨ་མས་ད་དུང་སྨན་འཐུང་ནས་སྨན་བཅོས་བྱེད་དགོས་ཀྱང་དུས་བཀག་ལྟར་ཡུལ་ཤོག་འཕྲོད་བསྟེན་ཁང་ནས་སྨན་རིན་མི་དགོས་པར་སྨན་ལེན་པ་རེད།

   དཔལ་སྒྲོལ་གྱིས་གསར་འགོད་པར་ད་ལྟ་ང་བདེ་ཐང་སླར་གསོ་བྱུང་ཡོད། ཁོར་ཡུག་གཙང་སྦྲ་ལས་དོན་བྱེད་བཞིན་ཡོད་པས་ཟླ་རེར་ཡོང་འབབ་སྒོར1200ཡོད་པ་རེད། ངས་བྱ་བ་འདི་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། ཉིན་ལྟར་དུས་ཐོག་ཏུ་འཕྲུལ་རྟ་བཞོན་ནས་སྲང་ལམ་གཙང་ཕྱགས་དང་ལོངས་སྤྱོད་བྱེད་བཞིན་ཡོད་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དབུལ་ཐར་འགག་སྒྲོལ་བྱེད་མགོ་ཚུགས་ཚུན། གསེར་ཐར་རྫོང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར1.38བཏང་ནས་རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་རིམ་པ་གསུམ་སྨན་བཅོས་སྒྲིག་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་གྲུབ་པ་རེད།ཁྲེང་ཏུའུ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་ལྔ་པ་དང་ཝུན་ཅང་ཆུས་ཀྱི་ཆ་སྒྲིག་རོགས་སྐྱོར་དང་སྤེལ་རོགས་ཁྲིད་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ཡོན་མི་སྣའི་དཔུང་སྡེའི་བྱང་ཚད་མངོན་གསལ་མཐོ་རུ་ཕྱིན་པ་དང་སྨན་བཅོས་འགན་སྲུང་། རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་ནད་པའི་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་ཡོད། རྫོང་ཡོངས་ཀྱི་མང་ཚོགས་ལ་རིམ་རྩིས་བྱས་ན་མི52922ལ་ཕན་པ་ཐོབ་ནས་སྒོར་ཁྲི6545རྩིས་ཞུ་བྱས་པ་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་ཞལ་འདེབས་སྒོར་ཁྲི221.8བརྒྱབ་ཡོད་པ་རེད། མ་དངུལ་སྒོར་ཁྲི3020བཏང་ནས་ཐུམ་འབུའི་ནད་དང་འདུས་འདྲིལ་གཅོང་ནད། གྲུམ་བུའི་ཚིགས་ཆེན་ནད་སོགས་ཚབས་ཆེའི་འགོས་ནད་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་བྱས་ཡོད། མང་ཚོགས་མིའི་ཐེངས་གྲངས་ཁྲི16.7ལ་ཕན་པ་ཐོབ་ཡོད།

    གསེར་ཐར་རྫོང་གིས་སློབ་གསོའི་དབུལ་སྐྱོར་དེ་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བར་བཀག་འགོག་བྱེད་པའི་རྩ་བཅོས་བྱེད་ཐབས་སུ་བརྩིས་ནས་སློབ་གཉེར་ཆ་རྐྱེན་ལེགས་བཅོས་ཤུགས་ཆེན་བྱས། མ་དངུལ་སྒོར་དུང་ཕྱུར་ལ་ཉེ་བའི་གསེར་ཐར་ཀོང་ཀྲོའུ་རེ་བཅོལ་སློབ་གྲྭ་འཛུགས་སྐྲུན་བྱེད་མགོ་ཚུགས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར3.5བཏང་ཡོད། སློབ་གྲྭ20ཡི་ཞན་ཆ་གསབ་པ་དང་བུ་བཅོལ་ཁང32བསྐྲུན་ཡོད། སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་དགེ་རྒན་དཔུང་སྡེ་གི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ། འགག་སྒྲོལ་ཤུགས་ཆེན་བྱས་ནས་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་ཡོད། ལོ་རིམ་བྱུང་གི་སློབ་མ3799སློབ་གྲྭར་བསྐྱར་ལོག་བྱས་པ་དང་། རྫོང་ཡོངས་ཀྱི་སློབ་གྲྭར་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ9494ལ་ཟིན་ཡོད། སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་གཏོང་ཚད་སོ་སོར་བརྒྱ་ཆ99.58དང98.72ལ་བསླེབས།

    ལོ་བཅོ་ལྔའི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་བྱ་དགའ་དང་རོགས་རམ། གསབ་སྤྲོད། དངུལ་བུན་གཡར་གཏོང་བཅས་ཀྱི་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སློབ་མའི་འཚོ་བ་དང་དྲོད་ལེན། འཚོ་བཅུད་ལེགས་བཅོས་སོགས་ཀྱི་མ་དངུལ་སྒོར་ཁྲི9934.71ཐག་གཅོད་བྱས་ཡོད། སློབ་མའི་སློབ་ཡོན་རྩག་རྩིག་དང་བྱིས་པའི་སློབ་གསོའི་གྲོན་དངུལ་ཕྱོགས་ཡོངས་རྩ་ཆག་བཏང་ནས་སློབ་གསོའི་ཐེབས་རྩ་སྒོར་ཁྲི500བསྡུས་པ་དང་སློབ་གསོའི་དབུལ་སྐྱོར་རོགས་སྐྱོར་ཐེབས་རྩ་སྒོར་ཁྲི670དོན་འཁྱོལ་བྱས་ཡོད། སློབ་ཞུགས་གོང་སློབ་ཆེན་གྱི་སློབ་མ་དབུལ་པོར་སོ་སོར་སྒོར500ནས5000བར་གྱི་རོགས་དངུལ་སྤྲད་པ་དང་རིམ་རྩིས་བརྒྱབ་ན་ཁྱིམ་ཚང་དབུལ་པོའི་སློབ་མ10920ལ་རོགས་དངུལ་སྤྲད་ཡོད། སློབ་མ་དབུལ་པོ691ལ་སློབ་སྐྱོར་དངུལ་བུན་སྒོར་ཁྲི539.1བཏང་བ། རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་དུད་ཚང་དབུལ་པོ་མིན་པའི་ཁྱིམ་ཚང་གི་ཕྲུ་གུར་འོས་འགན་སློབ་གསོ་དང་ལེན་བྱ་རྒྱུར་སྒོར་ཁྲི100བཀོད་སྒྲིག་བྱས་ནས་སློབ་མ་གཅིག་ཀྱང་དབུལ་པོར་གྱུར་ནས་སློབ་ཤོར་མི་བྱེད་པ་དང་དབུལ་པོར་གྱུར་ནས་སློབ་མཚམས་མི་ཆད་པའི་ཁས་ལེན་བྱས་ཡོད་པ་རེད།། 



  • ལེ་ཚན་སྔོན་མ།:དབྱང་དབུགས་མི་འདང་ནའང་དབུལ་ཐར་གྱི་སྙིང་སྟོབས་ཇེ་ཆེར་ཕྱིན།། མཚོ་འཕགས་མཐོ་ནའང་དབུལ་ཐར་གྱི་ཆོད་སེམས་དེ་བས་བརྟན།།
  • ལེ་ཚན་རྗེས་མ།:གླིང་ཡུལ་གྱི་མཛེས་སྡུག་བསྒྲུགས་ཏེ་སྙན་ངག་གིས་གླིང་བཞིར་སྒྲོག
  • དོ་སྣང་ཆེ་བའི་རྩོམ།