འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་ཡུན་རིང་བདེ་འགོད་ལ་དམིགས་ཏེ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ལེགས་འཛིན་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-10

འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་དང་ཡུན་རིང་བདེ་འགོད་ལ་དམིགས་ཏེ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་ལེགས་འཛིན་བྱ་དགོས

      ཟླ་བ7པའི་ཚེས3ཉིན་ནས་ཚེས5ཉིན་བར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་སྙིང་དོན་དོན་ཐོག་འཁྱོལ་བ་ལ་སྐུལ་འདེད་གཏོང་བ་རེད།

      ཉིན་གསུམ་གྱི་དུས་ཚོད་ནང་ཝང་ཏུང་མིང་རྟའུ་རྫོང་ཁུག་ཆ་ཤང་རྡོ་སྤུངས་ཞབས་གྲོང་སྡེ་དང་བྲག་འགོ་རྫོང་སིབ་མོ་ཤང་རྒྱས་བཟང་གྲོང་སྡེ། གསེར་ཐར་རྫོང་རྣུབ་གཟུར་གྲོང་རྡལ་བླ་རུང་དགོན་པའི་ལྔ་རིག་ནང་བསྟན་སློབ་གླིང་། རྣུབ་གཟུར་གྲོང་རྡལ་སྤྱི་བདེ་མངག་གཏོང་ཁང་བཅས་ལ་ཕེབས་ཏེ་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་ཡུལ་དངོས་སུ་ཁྲིམས་ལྟར་བཅོས་སྐྱོང་དང་དབུལ་ཐར་འགག་སྒྲོལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་ཀ་སྤེལ་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

      ཝང་ཏུང་མིང་གིས་རྟའུ་རྫོང་ཁུག་ཆ་ཤང་རྡོ་སྤུངས་ཞབས་གྲོང་སྡེར་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་འབྲེལ་བ་བྱེད་མཁན་གྱི་རྫོང་གི་འགོ་ཁྲིད། རོགས་སྐྱོར་བྱེད་མཁན་སྡེ་ཚན་གྱི་འགན་ཁུར་མི་སྣ། གྲོང་སྡེར་བཅའ་སྡོད་བྱེད་མཁན་ཧྲུའུ་ཅི་དང་པོ་བཅས་དང་སྤེལ་རེས་ཟབ་མོ་བྱས་ནས་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་བ་དང་དབུལ་སྐྱོར་ཐེབས་རྩ་དོ་དམ་དང་བེད་སྤྱོད་། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བ། བཞི་ཡག་གྲོང་སྡེ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཟབ་མོ་བླངས་པ་རེད། ཁོང་གིས་དབུལ་ཐར་འགག་སྒྲོལ་ལས་ཀ་དེ་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་སླེབས་པས། ཕྱོགས་གང་ཅིའི་ཐད་ཀྱི་བཀོད་སྒྲིག་དང་བླང་བྱ་གསལ་པོ་གཏན་ཁེལ་བྱས་ཡོད།  གནད་འགག་ནི་དམ་པ་དོན་དངོས་བསྒྲུབ་རྒྱུ་དེ་ཡིན་པ་རེད། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་གྱི་འཐབ་ཇུས་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་ཕྱིན་པ་བྱས་ནས་ཤུགས་ཆེན་པོས་དབུལ་སྐྱོར་གནད་སྨིན་དང་དབུལ་ཐར་གནད་སྨིན་ལ་སྐུལ་འདེད་གཏང་དགོས།

      བྲག་འགོ་རྫོང་སིབ་མོ་ཤང་རྒྱས་བཟང་གྲོང་སྡེར་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་དྲོད་ཁང་ཆེན་པོའི་རྟེན་གཞི་ལ་རྟོག་ཞིབ་གནང་རྗེས། ཝང་ཏུང་མིང་གིས་བོད་ཁུལ་ལ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཀྱི་བཟང་ཆ་ལྡན་པས། ཞིང་ལས་དང་ཞིང་སྡེའི་བཅོས་བསྒྱུར་ཇེ་ཟབ་ཏུ་གཏང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་དཔེ་གསར་ཅན་གྱི་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་དེ་བས་མང་པོ་ནང་འགུགས་བྱས་ཏེ་ས་གཤིས་ཡུལ་བབ་དང་བསྟུན་ནས་རྟེན་གཞི་འཛུགས་པ་དང་ཁྱད་རྟགས་སྐྲུན་པ། ལས་སྣོན་བྱེད་པ་བཅས་བྱས་ནས་ཞིང་འབྲོག་དམངས་དེ་བས་མང་པོར་ཡོང་འབབ་འཕར་སྣོན་གཏོང་བ་དང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་དགོས།

      གསེར་ཐར་རྫོང་རྣུབ་གཟུར་གྲོང་རྡལ་བླ་རུང་དགོན་པའི་ལྔ་རིག་ནང་བསྟན་སློབ་གླིང་དང་རྣུབ་གཟུར་གྲོང་རྡལ་སྤྱི་བདེ་མངགས་གཏོང་ཁང་ལ་དགོན་པ་ཁྲིམས་ལྟར་དོ་དམ་བྱས་ཚུལ་དང་ཤང་གྲོང་རྡལ་ལ་བསྒྱུར་བའི་ལས་ཀ་བསྒྲུབས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་ཞིང་།དགོན་པའི་དོ་དམ་གྱི་འབྲེལ་ཡོད་མི་སྣ་དང་ཁག་བགོས་ནས་ཞལ་བརྡ་ལབ་རེས་མཛད་པ་རེད། ཁོང་གིས་གསུངས་དོན་། ཏང་གི་ཚོགས་ཆེན་བཅུ་བརྒྱད་པ་འཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲ་ཞིང་བརྟན་པའི་འགོ་ཁྲིད་གནང་འོག་ཞིང་ཆེན་དང་ཁུལ་། རྫོང་བཅས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་བོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་འབད་འཐབ་བྱས་པར་བརྒྱུད།སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ་དང་། དམངས་འཚོ་ལེགས་བཅོས་ཆེས་ཆེ་བྱུང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བྱུང་ཡོད་ལ། བླ་རུང་དགོན་པའི་ལྔ་རིག་ནང་བསྟན་སློབ་གླིང་ལའང་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད། དོ་དམ་ཚན་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོར་འདེགས་བྱུང་ཡོད། སླད་ཕྱིན་དགོན་པའི་གྲྭ་བཙུན་ཡོང་རྫོགས་ཀྱིས་མུ་མཐུད་ནས་ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཕན་འབྲས་ཐོབ་པའི་རྨང་གཞིའི་ཐོག་དུས་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་དང་། ཡང་འབད་བསྐྱར་འབད་བྱས་ནས་དགོན་པའི་དོ་དམ་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུ་ཐོག་ཁྲིད་དེ་བོད་ཁུལ་གྱི་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་འཕྲོད་མཐུན་ཡོང་བར་བྱ་དགོས།

      གསེར་ཐར་རྫོང་དབུ་མདའ་གྲོང་རྡལ་དུ་ཝང་ཏུང་མིང་གིས་གཙོ་འགན་བཞེས་ནས་གྲོས་ཚོགས་འཚོགས་ཏེ་དཀར་མཛེས་ཁུལ་དང་གསེར་ཐར་རྫོང་གི་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་སྟེ་ཁུལ་དང་རྫོང་གི་གང་ཅིའི་ཐད་ཀྱི་ལས་ཀར་གྲུབ་འབྲས་གསར་པ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད།

      ཁོང་གིས་ཉེ་བའི་ལོ་ཁ་ཤས་ནང་རང་རེའི་ཞིང་ཆེན་གྱི་བོད་ཁུལ་གྱི་ལས་ཀར་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་ཕན་འབྲས་ཐོབ་ཡོད། དཀར་མཛེས་ཁུལ་ལ་ཆ་བཞག་ནས་བཤད་ན་གལ་ཆེ་བ་ནི་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱ་རྒྱུ་དང་ཡུན་རིང་བདེ་འགོད་ཡོང་བར་དམིགས་ནས་གཅིག་གྱུར་གྱིས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་ཡག་མོ་འཛིན་ཞིང་། བརྟན་ཐོག་ཡར་བརྩོན་གྱི་རྩ་བའི་དགོངས་དོན་རྒྱུན་འཁྱོངས་བྱས་ནས་བོད་ཁུལ་འཆམ་མཐུན་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཀྱི་རྣམ་པ་མངོན་འགྱུར་བྱེད་གང་ཐུབ་བྱ་དགོས།

      བརྟག་དཔྱད་ཞིབ་འཇུག་གནང་རིང་ཝང་ཏུང་མིང་གིས་གནོད་འགོག་གནོད་སེལ་དང་ཉེན་མེད་ཐོན་སྐྱེད། ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་ཞིབ་བཤེར་དང་གནད་དོན་དག་བཅོས་བྱ་རྒྱུ་སོགས་ཀྱི་ལས་ཀར་བླང་བྱ་བཏོན་པ་རེད།

      ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཐིང་གི་ཐིང་ཀྲང་ཏེང་ཡུང་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་དང་གྲོས་ཚོགས་ནང་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་སོགས་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་པ་རེད།།


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གྲོང་དུ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱང་མི་ཤི་རྨས་བྱུང་མེད།
  • ལེ་ཚན་རྗེས་མ།:མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་།
  • དོ་སྣང་ཆེ་བའི་རྩོམ།